R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༧༩
[A:༢༧༩] དེ་མིན་དུས་སྔ་ཕྱི་སྣ་ཚོགས་སུ་གནང་བ་ཡིན་འདུག་གོ །མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་རྔོག་ལུགས་ཀྱི་རྒྱུད་སྡེ་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། ཤངས་ལུགས་ཀྱི་རྒྱུད་སྡེ་ལྔ་ཆིག་དྲིལ་གྱི་དབང༌། ཟབ་ལམ་ནི་གུ་ཆོས་དྲུག་དང༌། ཤངས་པའི་གསེར་ཆོས་ཡོངས་རྫོགས་ཀྱིས་མཚོན་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་ཡོངས་སུ་རྫོགས་པ། རྗེ་ཀུན་དགའ་གྲོལ་མཆོག་གིས་བསྒྲིགས་པའི་ཁྲིད་ཡིག་བརྒྱ་རྩ། རྗེ་སྒྲོལ་མགོན་ཞབས་ཀྱིས་བསྒྲིགས་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་རྗེས་གནང་སུམ་བརྒྱ་ལྷག་ཙམ་དང༌། བཀའ་བརྒྱུད་སྔགས་མཛོད་དང༌། བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཀྱི་ལྗགས་ཁྲིད། ཐུན་མོང་གི་རིག་གནས་སྒྲ་མདོ་ཙནྡྲ་པའི་ཕྱག་ཁྲིད་མཛད་དེ། ཀུན་བཤད་ཀྱི་མཚན་དུ་འཇམ་དཔལ་གྲུབ་པའི་རྡོ་རྗེ་ཐུབ་བསྟན་གསལ་བའི་ཉིན་བྱེད་འཇིགས་མེད་གཙུག་ལག་རྒྱ་མཚོའི་སྡེ་ཞེས་པ། གསོལ་ཏེ། མ་ཧཱ་པཎྜི་ཏའི་ཆེ་བརྗོད་མངའ་གསོལ་མཛད། དེ་སྐབས་གསོ་རིག་རྒྱུད་བཞིའི་ཞལ་ཁྲིད་ཀྱང་ཡོངས་རྫོགས་གསན་ཏོ། །ཡང་སྟོན་འཁོར་ཕུན་སུམ་ཚོགས་པའི་སྐབས་ཤིག་ན་རྗེ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་དབང་དང་རྗེས་གནང་མན་ངག་དང་བཅས་པ་རྒྱབ་རྟེན་ཡིག་རྙིང་གི་སྐོར་རྣམས་ཡོངས་སུ་རྫོགས་པ་དང༌། ཟབ་པ་གཉིས་སུ་མེད་པ་དགྱེས་རྡོར་བརྟག་གཉིས་དང༌། རྒྱ་ཆེན་གཉིས་མེད་ཀཱ་ལ་ཙཀྲ། ཟབ་རྒྱས་