R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༠
[A:༢༨༠]སྙིང་པོ་འཇམ་དཔལ་མཚན་བརྗོད་རྣམས་ཀྱི་བཤད་ཁྲིད་གསན། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ལོ་ཆེན་བཻ་རོ་དངོས་བྱོན་བློ་གྲོས་མཐའ་ཡས་ལས་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་དབང་བཀའ་སྟོང་ཕྲག་ལྷག་ཙམ་དང༌། ཟབ་ཁྲིད་དྲུག་ཅུ་དང༌། རྒྱབ་རྟེན་ཡིག་ཆ་པོད་ཆུང་བརྒྱ་ལྷག་ཙམ་གྱི་བཀླག་ལུང་གསན། གདོང་ཀཾ་པཎྜི་ཏ་ངག་དབང་དམ་ཆོས་རྒྱ་མཚོ་ལས་རྗེ་ཙོང་ཁ་པའི་ལམ་རིན་ཆེན་མོ་དང༌། དེ་ལ་མཆན་བུ་བཞི་སྦྲག་གི་བཤད་ཁྲིད་དཔྱིས་ཕྱིན་པ་དང༌། འཇམ་དབྱངས་ཆོས་སྐོར་གྱི་དབང་ལུང་རྣམས་གསན། མཁས་བཙུན་དགེ་བའི་བཤེས་གཉེན་ཐུབ་བསྟན་ལེགས་བཤད་བཟང་པོ་ལས། བཀའ་གཏེར་དག་སྣང་ཐམས་ཅད་ཀྱི་སྐོར་ལས་བྱུང་བའི་ཚེ་དཔག་མེད་ཀུན་བཏུས་དང༌། སྤྱན་རས་གཟིགས་ཀུན་བཏུས་ཀྱི་དབང་བཀའ་ཡོངས་རྫོགས། སྒྲུབ་ཐབས་རིན་ཆེན་མཛོད་ཁང་རྗེས་གནང་སུམ་བརྒྱ་ལྷག་ཙམ་བཞུགས་པ་རྣམས་གསན། རུ་དམ་ཨོ་རྒྱན་བསམ་གཏན་གླིང་གི་མཁན་པོ་མཁས་གྲུབ་པདྨ་རྡོ་རྗེ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་དུ་དབང་ནོས་ཏེ། རྒྱུད་ཀྱི་བཤད་དཀའ་དཔྱིས་ཕྱིན་པ། གསང་བདག་དགོངས་རྒྱན། གསང་བདག་ཞལ་ལུང༌། ཕྱོགས་བཅུ་མུན་སེལ་རྣམས་ཀྱི་ཐོག་ནས་གསན་པར་མཛད་དོ། །བྱང་ཆུབ་ཀྱི་སེམས་དང་རྫོགས་ཆེན་གྱི་རྟོགས་པ་ཀློང་དུ་གྱུར་པ་ལུང་རྟོགས་བསྟན་པའི་ཉི་མ་ལས་སྙིང་ཐིག་ཟབ་མོའི་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པ་གསན། དབེན་རིའི་ངོགས་སུ་བྱོན་ནས་འཁོར་འདས་རུ་ཤན་འབྱེད་པ་སོགས་ཚུལ་བཞིན་མཛད། ཉམས་ཁྲིད་ལྟར་ཁྲེགས་ཆོད་ཞག་བདུན་