R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༨༡
[A:༢༨༡]དང༌། ཐོད་རྒལ་ཞག་བཅུ་ལ་ཉམས་བཞེས་གནང་ནས་རྟོགས་འབུལ་མཛད་པ་ན། སློབ་དཔོན་དགེ་བའི་བཤེས་གཉེན་དེ་ཉིད་ཀྱི་ཞལ་ནས། གང་ཟག་ཁྱད་པར་ཅན་འདི་ལྟ་བུས་ནི། རིག་པ་ཚད་ལ་ཕེབས་ནས། ཆོས་ཉིད་ཟད་སར་འཁྱོལ་བ་ལ་དཀའ་ཚེགས་ཅི་ཡང་མི་དགོས་པ་རྡོ་རྗེའི་ལུང་གི་གསལ་ཏེ། དབང་རབ་སེང་གེའི་རྩལ་ཅན་ཞེས་བྱ་བ་འདི་འདྲ་ལ་ཞུ་བ་ལགས་སོ། །ཞེས་ཐུགས་གཏིང་ནས་དགྱེས་པའི་བསྟོད་བསྔགས་ཀྱིས་རྒྱུད་མང་འཁྲོལ། རྗེ་འཇམ་དབྱངས་བླ་མའི་ཐུགས་སྲས་རྡོ་རྗེ་འཛིན་པ་ཀུན་དགའ་འཇམ་དབྱངས་ལས། སྔར་མ་གསན་པའི་སྐོར་རྣམས་ཁོང་ལ་རྒྱུན་གང་བཞུགས་པ་རྣམས་གསན་པར་མཛད། མདོར་ན་འཇམ་མགོན་རྡོ་རྗེ་འཆང་རྣམ་པ་གཉིས་གཙོར་མཛད་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་བཅུ་ཕྲག་བཞི་ལས་ལྷག་ཙམ་གྱི་ཞལ་སྔ་ནས་གསང་སྔགས་གསར་མའི་ཕྱོགས་སུ་ཁྱབ་ཆེ་བའི་སྤྱི་བཀའ་དང་ཟུར་བཀའ་བསྡོམས་པའི་དབང་ཆེན་བརྒྱ་ཕྲག་གསུམ་ལ་བཅུ་ཕྲག་ཁ་ཡར་གྱིས་ལྷག་པ་དང༌། ཁྲིད་བཀའ་བརྒྱ་ཕྲག་གཅིག་ལ་བཅུ་ཕྲག་བདུན་གྱིས་ལྷག་པ་དང་སྤྱི་ཟུར་ཕྱོགས་བསྡོམས་ཀྱི་རྗེས་གནང་སྟོང་ཕྲག་ལྷག་ཙམ་དང༌། འཕགས་ཡུལ་གྱི་དགོངས་འགྲེལ་བསྟན་བཅོས་གངས་ཅན་པའི་བརྡ་ལ་སྒྱུར་བ་རྣམས་ཀྱི་ལུང་རྒྱུན་གང་བཞུགས་དང་བོད་ཡུལ་གྱི་མཁས་གྲུབ་བསྟན་འགྲོ་ལ་བཀའ་དྲིན་ཆེ་བ་རྣམས་ཀྱིས་བཀའ་བསྡུ་དང༌། གསལ་བྱེད་དང༌། ཆོག་ཁྲིགས་གང་དང་གང་གནང་བ་རྣམས་ཀྱི་བཀའ་པོད་དང༌། བེའུ་བུམ་དང༌། འཐོར་བུའི་རིགས་ལུང་རྒྱུན་གང་དང་