[A:༢༨༢]གང་བཞུགས་པ་ཐམས་ཅད་ཀྱི་པུསྟི་ཀཿབརྒྱ་ཕྲག་མང་པོ་གསན་པར་མཛད་དོ། །དེ་དག་ཐམས་ཅད་ཀྱང་སྔོན་གྱི་སངས་རྒྱས་སྲས་དང་བཅས་པ་དང༌། དེ་དག་གིས་རྒྱུད་བྱིན་གྱིས་བརླབས་པའི་མཐུས་གཟུངས་ཀྱི་སྒོ་བཞི་དང༌། སྤོབས་པའི་གཏེར་བརྒྱད་ཀྱི་ཁ་བྱེ་ནས་ལུང་དང་རྟོགས་པའི་རིན་པོ་ཆེའི་མཛོད་ལ་དབང་འབྱོར་པའི་མཁས་གྲུབ་དམ་པ་ཚད་མས་གྲུབ་པ་རྣམས་གང་ནས་གཤེགས་པའི་ཤུལ་ལམ་བཟང་པོ་བདེ་ལེགས་ཤིས་པའི་མེ་ཏོག་དཀར་པོ་རབ་ཏུ་བཀྲམ་པའི་ཕྱོགས་གང་ཡིན་པ་དེ་གོལ་ཆུག་མེད་པ་ཤེས་ཤིང་རྟོགས་པའི་སྤྱན་རས་རྣམ་པར་གསལ་བ་དང༌། དོན་ལ་ངེས་པའི་གདིང་མི་འགྱུར་བ་ཐོབ་པར་མཛད་པ་ཁོ་ན་ལས། ཐོས་རྒྱ་ཆེ་བས་ཐོས་རྒྱ་ཆེ་བའི་གོ་བཅད་པ་དང༌། ཐོས་རྒྱ་ཆེ་བས་ཐོབ་རྒྱ་ཆེ་བའི་གོ་མི་བཅད་པ་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་སྙིང་པོ་རྣམ་དཔྱོད་ཧུབ་གཅིག་གིས་འཐུང་བཟོད་ཀྱང༌། ལེགས་གསུངས་ཐིགས་པ་གཅིག་གི་དོན་ལ་བརྩོན་པ་ཤུགས་ཆེན་པོ་བསྐྱེད་པ་ཞིག་རྗེ་འདི་ལ་མངའ་བ་ལགས་སོ། །ལྔ་རིགས་སྨྲ་བའི་གཙུག་རྒྱན་མི་ཕམ་རྣམ་པར་རྒྱལ་བ་ལས་ཚད་མ་རྣམ་འགྲེལ་གྱི་ཞལ་ཁྲིདདང༌། དབུ་མ་རྒྱན་གྱི་བཤད་ཁྲིད་གསན། གཞུང་ལུགས་ཆེན་པོ་འདི་རྣམས་ལ་བློ་གསལ་ལས་དང་པོ་པས་ངེས་ཤེས་ཀྱི་འགྲེལ་པར་རེ་རེ་མཛད་བཞེད་ཡོད་ཀྱང་ཚད་མ་རིག་གཏེར། དབུ་མ་འཇུག་པ། མངོན་རྟོགས་རྒྱན། མངོན་པར་མཛོད། རྒྱུད་འགྲེལ་དག་ལྡན་རྣམས་ལ་ཕྱག་མཆན་བཏབ་པའི་འགྲེལ་ཆུང་བསྡུས་ཙམ་རེ་རེ་མཛད་ནས་རྒྱུད་སྡེ་རབ་འབྱམས་ཀྱི་བཀའ་བསྡུའི་ཉེར་བསྡོགས་ལ་ཞུགས་