[A:༢༩༡]ཇི་ལྟར་གོ །གྲུབ་པས་གྲུབ་པའི་ཉམས་མྱོང་ཤེས། །མ་གྲུབ་པ་ལ་ཅི་ཆ་ཡོད། །ཁ་ཅིག་རིག་ལམ་རྣོ་རྣོ་ཅན། །མཁས་པའི་ཕུད་དུ་བཀུར་ཤེས་གྲགས། །འཇམ་མགོན་བླ་མ་ཡབ་སྲས་ནི། །དོན་ལ་རྟེན་རྣམས་མཁས་པར་བསྔགས། །སྔོན་བྱོན་བསྟན་འཛིན་ཆེ་རྣམས་ཀྱི། །རིང་ལུགས་དྲི་མེད་སྐྱོང་བར་མཛད། །ཁ་ཅིག་སྤྲོས་ལ་དགའ་བ་དང༌། །ཁ་ཅིག་སྤྲོས་མེད་ངང་ཚུལ་ཅན། །མཁས་གྲུབ་མངོན་རྟགས་ཡིན་ཅེས་ཟེར། །དེ་འདྲ་དོན་དང་ལྡན་པའང་སྲིད། །འཇམ་མགོན་བླ་མ་ཡབ་སྲས་ནི། །སྤྲོས་བཅས་སྤྲོས་མེད་གང་ལྟར་ཡང༌། །ཐུབ་བསྟན་གྲུ་བཞི་ལམ་མེ་བ། །དེ་ལ་ཐུགས་ཀྱི་རྩེ་མོ་གཏད། །འགའ་ཞིག་འདི་མཁས་གཞན་གཏི་མུག །འདི་ཟབ་གཞན་ནི་མི་ཟབ་ཅེས། །བབ་ཅོལ་མང་དུ་སྨྲ་བ་ཡི། །ཉམས་མགུར་སོགས་ཀྱིས་བློ་སྣ་བྲིད། །འཇམ་མགོན་བླ་མ་ཡབ་སྲས་ནི། །ནོར་བ་མེད་པའི་ལམ་ཐམས་ཅད། །འཁྲུལ་པ་མེད་པའི་འབྲས་བུ་ཅན། །ཐེ་ཚོམ་མེད་པའི་ངེས་པ་སྟེར། །ཤེས་མེད་གྲགས་པའི་རྗེས་འབྲང་དང༌། །ཤེས་ལྡན་བློ་སྣ་མང་བ་ལ། །མེ་ཏོག་ཕོག་པའི་ལྷ་སྐལ་དེས། །ཆོག་ཅེས་དགོས་པའི་དབང་གིས་འདོམས། །བློ་སྣ་བསྒྱུར་བའི་ཚོགས་བཤད་ཙམ། །རྣམ་པ་ཀུན་ཏུ་གཙོར་མི་མཛད། །གསང་ཆེན་སྨིན་གྲོལ་རྒྱུན་བཟང་ལ། །སྐུ་སྲོག་ལས་ཀྱང་གཅེས་པས་སྐྱོང༌། །དེང་སང་གངས་རིའི་ཁྲོད་འདི་ན། །རྣམ་དཔྱོད་ཤིན་ཏུ་གཏི་ཐུག་པས། །ཀློག་པས་སྤོང་བ་པ་ལ་གཤེ། །སྒོམ་པས་ཐོས་བསམ་བྱེད་ལ་འཕྱ། །ཐེག་རྩ་འཛིན་པས་བསྟན་རྩ་འདོར། །བསྟན་རྩེ་འཛིན་པས་བསྟན་མཆོག་