[A:༢༩༥] འཐབ་རྩོད་ཡམས་ནད་འབྱུང་ཞིང་མི་ཆེན་བླ་དཔོན་མང་པོའི་སྲོག་དབུགས་སྡུད་ནས་འཁོར་དུ་ཁྲིད་པ་སོགས་ཕུང་ཁྲོལ་ཀུན་གྱི་སྣ་འདྲེན་བྱེད་པའི་སྟོབས་ཆེན་ཞིག་ཡིན་པ་ཡོངས་སུ་གྲགས། བརྩེ་བའི་ཐུགས་རྗེ་ཡང་ཚད་མེད་པ་མངའ་བ་ལ་ཕལ་པའི་བློས་དཔྱོད་པ་མི་ནུས་མོད། ཕྱོགས་རེ་ནས་བསམས་ན། དུས་ཀུན་ཏུ་སེམས་ཅན་སྤྱིའི་སྡུག་བསྔལ་ལ་ཐུགས་ཀྱིས་མི་བཟོད་པའི་ངང་ཚུལ་གྱིས་སྒྲིབ་སྦྱོང་གི་སྒོ་སྣ་ཚོགས་ཀྱི་ཐབས་ཚུལ་ལ་ཐུགས་རྩོལ་ཆེན་པོ་རྒྱུན་པར་གནང༌། བྱེ་བྲག་ཏུ་ཤིན་ཏུ་ཉམ་ཐག་པ་གང་དང་གང་ཞིག་མཐོང་ཐོས་སུ་གྱུར་པ་མཆིས་ན། བླ་མ་དཀོན་མཆོག་གི་ཐུགས་རྒྱུད་བསྐུལ་དང༌། ངོས་ལྐོག་གང་རུང་ནས་ཕན་ཐབས་ལྷུར་ལེན་པ་དང༌། གསོན་གཤིན་གང་ཡིན་དེའི་མིང་ནས་ཡང་ཡང་སྨོས་ཏེ་སྐྱབས་གསོལ་བདེན་ཚིག་བརྗོད་པ་དང༌། གཟུངས་སྔགས་ཟབ་མོས་བྱིན་གྱིས་བརླབས་པ་རྣམས་མཛད། ལོ་ཏོག་གི་དོན་དང༌། ཡུལ་ཁམས་ནད་ཡམས་འཁྲུགས་རྩོད་སོགས་ལ། དོན་དེ་ཁོ་ན་ལ་སེམས་པ་ལྟ་བུའི་ཐུགས་ཁུར་ཆེན་པོ་བཞེས་ཏེ། རང་ཉིད་ཀྱིས་ཕན་ཐབས་གང་ཟབ་གང་བསྔགས་ལ་བརྩོན་པ་རྒྱུན་ཆགས་སུ་བསྐྱེད་པ་དང༌། གཞན་མཁྱེན་སྟོབས་ནུས་པ་མངའ་བ་དག་ལའང་རང་དོན་ལྟར་བསྐུལ་མ་འདེབས་པར་མཛད། མཁྱེན་པའི་སྤྱན་རས་རྣམ་པར་གསལ་བ་ནི་སྒྲིབ་ཐོགས་དང་བྲལ་བ་ལ་སུ་ཞིག་གིས་ཚད་བཟུང་བ་ནུས་ཏེ། རྗེ་རང་གིས་ནི་ཅི་ཡང་མི་མཁྱེན་པ་དང་མི་གཟིགས་པའི་ཟོལ་གྱིས་སྒྲིབ་མོད། ཉི་ཟླའི་འོད་སྣང་ཆུ་འཛིན་གྱི་གསེབ་ནས་ཆ་ཤས་ཙམ་རེ་