[A:༢༩༧]སྤྱོད་མང་བ་ལ་བརྟེན་ནས་ས་སྐྱོང་ཆོས་རྒྱལ་མཆོག་གི་བསྟན་སྲིད་ལ་འཕོ་འགྱུར་བློ་མི་བཟོད་པ་ཞིག་འོང་བ་འདྲ། རང་རེས་ཕན་རིམ་ཞི་དྲག་སྣ་ཚོགས་སྒྲུབ་ན་ཅུང་ཟད་ཕན་པའི་སྐབས་སྲིད་ཀྱང༌། བསྟན་ཆུས་ལ་ཅི་ཡང་མི་སེམས་ཤིང༌། རང་འདོད་ཁོ་ན་ཕུག་འཆང་ཅན་གྱི་དམ་སྲི་མ་རུངས་པ་འདི་དག་གིས་ཁོ་རང་རྣམས་ལ་མཐུ་གཏད་བྱེད་དོ་ཟེར་ནས་འདུག་སོས་མི་བདེ་བ་དང༌། ཕན་མེད་གནོད་པའི་སྣ་འདྲེན་ཞིག་འོང་ངམ་སྙམ། སེམས་ཅན་རང་རང་གི་ལས་ངན་དུས་སུ་སྨིན་པ་ལ། སངས་རྒྱས་རྣམས་ཀྱི་མཐུ་ཡང་རྡུག་པ་འདྲ་གསུངས་ནས་ཐུགས་སྐྱོ་བའི་ངང་ཚུལ་བསྟན། ཉིན་རེ་ཟུང་ལ་གསོལ་བ་འགག་པར་གྱུར། རིམ་གྱིས་འཁྲུགས་པའི་འགོ་བརྩམས་ནས། མཐར་ཆོས་སྲིད་རྒྱ་མིའི་ལག་ཏུ་ཤོར་བར་གྱུར་པ་ན། སེམས་ལ་ངེས་ཤེས་སྐྱེ་བ་ཞིག་བྱུང་ངོ་ཞེས་རྒྱུས་ཡོད་དག་གིས་གླེང་ཡང་རྗེ་བླ་མ་མཁྱེན་བརྩེའི་ཞབས་ཀྱི་སྐུ་མདུན་ནས། རྗེ་འདི་ཉིད་བགྲང་བྱ་ཞེ་གཉིས་པའི་སྐབས་ཤིག་ལ། ཁྱེད་ནས་གཞན་འགྲན་མེད་པའི་དད་བརྩོན་ཕུལ་དུ་བྱུང་བ་དེ་ལྟ་བུའི་རྒྱུད་སྡེ་རབ་འབྱམས་ཀྱི་བཀའ་བསྡུས་མཐར་ཕྱིན་ནས་ཆོས་སྦྱིན་མི་ཟད་པའི་ཕྱི་མོ་བསྐྲུན་ཟིན་པ་ནི། སངས་རྒྱས་བསྟན་པའི་ཡང་སྙིང་གསང་ཆེན་རྡོ་རྗེ་ཐེག་པ་ལ། དེ་ལས་ལྷག་པའི་དོན་ཆེན་པོ་དང་མཛད་པ་ཆེན་པོ་གནང་རྒྱུ་མེད་པས། སྤྲོ་དགའི་མེ་ཏོག་ལན་བརྒྱར་འཐོར་ཤིང༌། བསྔགས་པའི་རོལ་མོ་སྟོང་དུ་འཁྲོལ་བའི་གནས་སུ་གྱུར། ད་དུང་བསྙེན་པ་གང་དང་གང་དགོས་པ་ཐམས་ཅད་འགྲུབ་པར་མཛད་ནས་ཕྱི་རབས་པ་རྣམས་ཀྱིས་ཕྱག་ལེན་མི་འཆུག་པ་དང༌།