R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༩༨
[A:༢༩༨] མིག་ལྟོས་ཡར་ལྡན་དུ་བྱ་བའི་དཔེར་འགྱུར། དེ་ནས་ཆུ་འབྲུག་ཟླ་བ་དང་པོའི་ཚེས་ཉེར་ལྔ་ཙམ་ལ་བསྟན་རྒྱུན་ལ་ཕན་པའི་སློབ་བུ་གང་དག་འདུས་པ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་མཛད་པའི་སྒོ་དང་པོ་འབྱེད་ན་ལེགས་སོ་སྔར་མ་གསན་པའི་རྣལ་འབྱོར་རྒྱུད་ཀྱི་སྐོར་དེ་དག་ཀྱང་དེ་དུས་འགྲུབ་པ་ཞིང་ཡོང་ངོ་གསུངས། ཤིན་ཏུ་རྩ་བ་ཆེ་རིགས་ཀྱི་རྟེན་དང་མྱོང་གྲོལ་དམ་རྫས་སྐོར་རྣམས་གནང་བར་མཛད་དོ། །ཡབ་སྲས་གཉིས་འབྲལ་མི་ཕོད་པ་ལྟ་བུས་བཀྱེང་ནས། བླ་མ་རྒྱང་འབོད་ཀྱི་གདུང་དབྱངས་ཚིགས་སུ་བཅད་པ་ཞིག་མཛད་དེ། རབ་འབྱམས་རྩ་གསུམ་རྒྱ་མཚོའི་གསང་གསུམ་སྒྱུ་འཕྲུལ་བཀོད་པས་བྱིན་གྱིས་བརླབས་པའི་གནས་མཆོག་དཀར་མོ་སྟག་ཚང་གི་བྱ་སྐྱིབ་ལྷ་ཤིང་དང་སཱ་ལའི་སྨན་ལྗོངས་ཉམས་དགའ་བ་ལ་རྒྱལ་བས་བསྔགས་པའི་ཡོན་ཏན་གྱི་འབྱོར་པ་དུ་མས་བརྒྱན་པའི་སྒྲུབ་གནས་དེ་ཉིད་དུ་ཕེབས་ཏེ་དབེན་གསུམ་གྱི་བདུད་རྩིས་ཕྱི་ནང་གི་འདུ་འཛི་ལྷག་མེད་དུ་བཅིལ་བཞིན། བྱ་རྒྱུད་རིགས་གསུམ་སྤྱི་སྒྲུབ་དང༌། རྡོ་རྗེའི་རིགས་ལ་མི་གཡོ་བ། དེ་བཞིན་གཤེགས་པའི་རིགས་ལ་དྲི་མེད་རྣམ་གཉིས། པདྨའི་རིགས་ལ། ཚེ་དཔག་མེད། སྤྱན་རས་གཟིགས། སྦྱོང་རྒྱུད་རྣམ་སྣང་མངོན་བྱང༌། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་བླ་མེད་ཀྱི་རྒྱུད་ལས། ཕ་རྒྱུད་གསང་བ་འདུས་པ་མི་སྐྱོད་པའི་རིམ་ལྔའི་ཉམས་བཞེས་དང་བཅས་པ་དང༌། བསྐྱེད་རྫོགས་ཟུང་འབྲེལ་གྱི་སྒོ་ནས། འཇམ་པའི་རྡོ་རྗེ་དང༌། རྡོ་རྗེ་འཇིགས་བྱེད་ར་ལུགས་དང༌། མ་རྒྱུད་སྤྱི་ལ་སངས་རྒྱས་མཉམ་སྦྱོར་དང༌། ཧེ་རུ་ཀའི་རིགས་ལ་འཁོར་ལོ་སྡོམ་པ་ལཱུ་