R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༠༢
[A:༣༠༢]དེར་ཕེབས་སྐབས་དང་འགྲིག་ནས་རྗེ་དེ་ལ་ཐུགས་རྒྱུད་བསྐུལ་བས་ཁོང་གིས་བཞེད་པ་སྐོང་ངོ་ཕེབས་པ་ལྟར་ཐུགས་ཀྱི་དགོངས་པ་ཅན་གྱི་དགོངས་བཞེད་ལྷག་པ་མ་ལུས་པ་ཡོངས་སུ་གང་བར་གྱུར་ཏོ། །ལོ་སྔ་མའི་ནང་དུ་མཁན་ཆེན་རིན་པོ་ཆེ་ལ་རྗེ་མཁྱེན་བརྩེས་སང་ཟླ་བ་དང་པོའི་ནང་འདིར་བྱོན་ནས་ཟླ་གཅིག་ཙམ་ཐུགས་ལྷོད་དེ་བཞུགས་དགོས་སོ་ཞེས་ཕེབས་པའང་ཕན་ཚུན་ཐམས་ཅད་ཀྱི་གསུང་དུ་ངེས་པ་རྙེད། དེ་དག་གི་སྐབས་སུ་སྙིགས་མའི་རང་རྟགས་སྟོན་པའི་རྒྱལ་བློན་ནང་འཁྲུགས་མཆོད་ཡོན་ནང་འཁོན་གྱི་འཐབ་རྩོད་ངན་སྤྱོད་སྣ་ཚོགས་ཆར་ལྟར་བབས་ཤིང་རླུང་ལྟར་འཚུབས་ནའང༌། གསང་བདག་བླ་མའི་རྣམ་དཀར་ཕྲིན་ལས་ཀྱི་འཁོར་ལོ་ནི་དབྱར་གྱི་ཆུ་གཏེར་ལྟར་རྒྱས་ཤིང་བསྟན་འགྲོ་ཡོངས་ཀྱི་རྒུད་པ་མཐའ་དག་གཅིག་ཅར་དུ་གསོ་བའི་སྨན་མཆོག་ཉིད་དུ་གྱུར་པ་འདི་ནི། འཇིགས་པ་ཆེ་བའི་གནས་སྐབས་སུ་དཔུང་གཉེན་ཟླ་གྲོགས་དང༌། གཅོང་རོང་ཉམས་ང་བའི་གཡང་ས་ནས་འཇུ་ས་དང་རྟེན་གཞི་ལྟ་བུ་མངོན་སུམ་ཚད་མས་གྲུབ་པའོ། །ཤེས་ལྡན་དག་གིས་ཀྱང་འདི་སྐད་དུ། སྡུག་བསྔལ་གྱི་མུན་པ་འཐིབས་པའི་ནང་ན་སྐྱིད་ཀྱི་ཉི་མ་ཤར་བ་ནི་རྗེ་འདི་ཁོ་ན་ལགས་སོ། །ཞེས་བརྗོད་པའང་ཤིན་ཏུ་མང༌། ཆོས་འཁོར་དེ་ཉིད་ཀྱི་སྐབས་སུ་དཀྱིལ་འཁོར་བཞེངས་པ་དང༌། འཆད་ཅིང་སྤེལ་བ་དང༌། སྒྲུབ་པའི་མཎྜལ་འབུལ་བ་བཅས་འཁོར་ལོ་གསུམ་གྱིས་བསྟན་པའི་རྒྱུན་སྐྱོང་བའི་རྡོ་རྗེའི་སློབ་མ་དད་དང་དམ་ཚིག་མི་འགྱུར་གསེར་གྱི་ས་འཛིན་ལྟ་བུུ་འགའ་ཞིག་མཆིས་པ་ཡང་སློབ་དང་བཅས་པ་རྣམས་ཀྱིས་རྗེ་བཙུན་བླ་མའི་བསྟན་པ་སླར་ཡང་གསལ་