R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༠༣
[A:༣༠༣]བར་མཛད་དོ། །ཨེ་མ་ཀེ་ལ་ཤ་ཡི་ལྗོངས་ཡངས་པར། །ལེགས་བཤད་མགྲིན་རྔ་ལྡིར་བ་མང་མཆིས་ཀྱང༌། །རྡོ་རྗེའི་གསང་མཛོད་འབྱེད་པའི་འཆི་མེད་རྔ། །དུས་སུ་བསྒྲགས་པ་སུ་ཞིག་སྲིད་ན་མཐོང༌། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་གསུངས་ཤིང་བསྡུས། །འཕགས་ཡུལ་མཁས་གྲུབ་རྣམས་ཀྱིས་བཤད་ཅིང་སྒྲུབ། །སྐད་གཉིས་སྨྲ་བ་རྣམས་ཀྱིས་བསྒྱུར་ཞིང་སྤེལ། །དབང་དང་བྱིན་རླབས་བཀའ་བབས་རྒྱུན་མ་ཆད། །ཕྱོགས་རེ་བ་དང་རགས་པ་རེ་གཉིས་ཙམ། །མ་ཡིན་བཀའ་སྲོལ་ཡོངས་རྫོགས་ཆུ་ཀླུང་ཀུན། །ཆོས་ཀྱི་མཚོ་ཆེན་གཅིག་ཏུ་སྡུད་ཅིང་སྤྲོ། །གསང་བདག་བླ་མ་མ་དྲོས་བདག་པོའི་མཐུ། །སྔོན་དུས་ཆོས་ཀྱི་སྣང་བྱེད་མང་བྱོན་ནས། །བསྟན་པའི་པད་ཚལ་ཉིན་བཞིན་ཁ་འབྱེད་ཀྱང༌། །དེང་དུས་རྒྱལ་བསྟན་ཕྱི་དྲོའི་ཉི་མ་འདྲ། །རང་དགར་སྤྱོད་པའི་སྲིན་བྱ་རང་སྐད་འབྱིན། །རིང་པོ་མི་ཐོགས་སྲོད་ཀྱི་ཕྲ་མེན་མས། །མུན་པའི་རུམ་དུ་བསྙལ་བའི་སྐབས་ཤིག་ཚོལ། །རྗེ་བཙུན་མཆོག་འདི་སྟོབས་ཀྱི་མགོན་པོ་བཞེངས། །ཆོས་ཀྱི་ཉིང་ཁུ་ཆུ་བོའི་རྒྱུན་བཞིན་གསོལ། །འཁོར་ལོ་གསུམ་གྱི་སྡིག་མཛུབ་གྱེན་དུ་བསྒྲེངས། །ས་གསུམ་སྒྲོན་མེ་རིང་དུ་འཚོ་བར་མཛད། །ཀྱེ་མ་སྙིགས་མའི་བསྟན་འགྲོ་སྐྱོབ་པའི་གཉེན། །འདི་འདྲ་སྐལ་ངན་རྣམས་ཀྱིས་མཐོང་བར་དཀའ། །བྱམས་ཆེན་ཆོས་ཀྱི་ཟླ་བ་མ་ཤར་བ། །ཐུབ་དབང་ཐུགས་ཀྱི་སྣང་བས་མི་བཏང་བའི། །སྔོན་མེད་ངོ་མཚར་འབར་བའི་མཛད་བཟང་གི །འཕྲུལ་གྱི་སྒོ་ཆེན་ཕྱེས་འདི་ཨ་ལ་ལ། །ཞེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་ནས། གཞན་ཡང་རྗེ་བླ་མ་