[A:༣༠༤]རྡོ་རྗེ་འཆང་འདི་ནི། དང་པོར་དམ་པའི་ཆོས་ཚོལ་བའི་སྐབས་སུའང༌། རང་རང་གི་འདོད་ཆོས་ཙམ་གྱི་ཆོག་མ་ཤེས་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་ཆུ་ཀླུང་མཐའ་དག་ཟབ་གསལ་ཐུགས་ཀྱི་རྒྱ་མཚོ་རྙོག་པ་དང་བྲལ་བའི་ལྗོངས་སུ་དལ་གྱིས་གཞོལ་ཞིང་བདེ་བར་རྒྱུ་བ་ལ་རང་གི་ངང་གིས་མཁས་པ་རྐང་དྲུག་པདྨའི་ཚལ་དུ་རྩེ་བ་ལྟ་བུ་དང༌། བར་དུ་ཐོས་པའི་དོན་ལ་རིགས་པ་རྣམ་པ་བཞིའི་སྲང་ལམ་དུ་གཞལ་བས་ཟབ་པ་དང་རྒྱ་ཆེ་བའི་ཕྲ་རགས་ཀྱི་ལྕི་ཡང་དང་རྣམ་གྲངས་རྣམ་པར་འབྱེད་པ་ལ་ངེས་པ་གཏིང་ནས་རྙེད་པ་ནི་ཀེ་ཏ་ཀས་རྙོག་མ་བགྲུང་བ་ལྟ་བུ་དང༌། ཐ་མར་ངེས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རིག་པའི་བང་མཛོད་ལས་ཏིང་ངེ་འཛིན་གྱི་སྒོ་རབ་ཏུ་མང་པོ་བྱེ་སྟེ། དེད་དཔོན་མཁས་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟ་བུར་གྱུར་པ་ན། བདེན་པ་གཉིས་ཀྱི་གནས་ལུགས་མ་ནོར་བ་དང་མ་ལུས་པ་མཁྱེན་ཅིང་གཟིགས་པའི་སྤྱན་རས་རིན་པོ་ཆེ་གློག་གི་སྒྲོན་མ་ལྟར་གསལ་ལ་སྒྲིབ་པ་མེད་པར་བརྙེས་ཤིང༌། དེའི་ཚེ་བློ་མིག་ལྡོངས་པས་སྡུག་བསྔལ་གསུམ་གྱི་གཡང་སར་འཕྱན་ནས་ཉམ་ཐག་པའི་འགྲོ་བ་རྣམས་ལ་ལྡོག་ཏུ་མེད་པའི་ཐུགས་རྗེ་ཆེན་པོས་དྲངས་ཏེ། ཐབས་ལ་མཁས་པའི་སྒོ་སྣ་ཚོགས་པ་བརྫི་བ་མེད་པའི་ནུས་པས་འབྱེད་དེ་བདེ་ནས་བདེ་བའི་གནས་སུ་དབུགས་འབྱིན་ཆེན་པོའི་དགའ་སྟོན་ལ་གཅིག་ཏུ་སྦྱོར་བར་མཛད། དེའི་དུས་སུ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་སྙིང་པོ་ལེན་པ་དང་འཛིན་པ་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་མངོན་རྟགས་སུ། ལས་དང་སྐལ་བ་དང་ལྡན་པ་རྣམས་ལ་དུས་སུ་འདོམས་ཤིང་སྤེལ་བ་དང༌། སྐལ་དམན་ལོག་