R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༡༣
[A:༣༡༣]སྟོབས་ཀྱིས། ཕྱོགས་རེ་རེ་བས་མི་ཚིམ་པ་ཡིན་གསུངས། ཡང་སྐབས་དེར་འོད་གསལ་རྡོ་རྗེ་སྙིང་པོའི་རྟོགས་པ་ཀློང་དུ་གྱུར་པ་བློ་གྲོས་བཟང་པོ་ལས། མདོ་རྒྱུས་སེམས་གསུམ་གཙོ་བོར་གྱུར་པའི་རྙིང་མ་བཀའ་མའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དབང་བཀའ་ཡོངས་སུ་རྫོགས་པ་གསན། ཨ་མདོའི་ཡུལ་ནས་ཨ་ལི་ཆོས་རྗེ་ཆེད་གཏད་ཕེབས་པ་ལ། གསུང་ངག་སློབ་བཤད་ཀྱི་བཀའ་ཆོས་ཟབ་མོ་ལན་གཅིག་གནང༌། ཤིང་སྤྲུལ་ལོར་ཡང་བསྐྱར། ཀུན་མཁྱེན་འཇམ་དབྱངས་བླ་མའི་སྐུ་སྤྲུལ་འཇམ་དབྱངས་ཆོས་ཀྱི་དབང་པོ་དེ་ཉིད་གཙོ་བོར་བཞུགས་པའི་རིག་པ་འཛིན་པ་ཆེན་པོ་ནམ་མཁའ་ལྟ་བུ་དང་ཙནྡན་ལྟ་བུ་དང་རིན་པོ་ཆེ་ལྟ་བུ་རྣམས་ཀྱི་གྲལ་གྱི་གོང་རྒྱན། བདག་ཅག་དམན་བུ་རེ་ཟུང་གིས་གྲལ་གྱི་མཐར་མནན་པའི་ལས་སྐལ་ལྡན་པའི་བུ་སློབ་བཅུ་ཕྲག་གཉིས་ལས་ལྷག་ཙམ་ཞིག་ལ་གསུངས་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་བྱིན་རླབས་རྒྱབ་རྟེན་དང་བཅས་པ་ཚད་མ་བཞི་དང་ལྡན་པ་ལ་སློབ་བཤད་ཟབ་མོའི་ཁྱད་ནོར་གྱིས་བརྒྱན་པ་བཀའ་རྫོགས་ལུང་རྫོགས་སུ་སྩལ། ལམ་གྱི་སྙིང་པོ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་རིག་ཐོག་ཏུ་གདར་ཤ་ཆོད་པར་མཛད། དེ་ལའང་ཕྲ་རགས་གཉིས་སུ་ཕྱེས་པའི་ངོ་སྤྲོད་ཟབ་མོ་རགས་པ་གློ་བུར་གྱི་གསལ་སྟོང་ཟུང་འཇུག་དང༌། ཕྲ་བ་རང་བཞིན་གྱི་གསལ་སྟོང་ཟུང་འཇུག་ལ་འཁོར་འདས་དབྱེར་མེད་ངོ་སྤྲོད་པས་གོལ་འཆུག་མེད་པ་ཆོས་ཉིད་གཉུག་མའི་གནས་ལུགས་རྗེན་གཅེར་དུ་གསལ་བར་མཛད་པ་