R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༡༥
[A:༣༡༥]བཅས་པ་ལ་དབྲོག་ཏུ་མེད་པའི་ཡིད་ཆེས་རྙེད་ཅིང་འགྲོ་བ་བཞིའི་ཆོས་ཀྱིས་མི་ཕྱེད་པར་གྱུར་པའི་ཡོན་ཏན་ཅན་དག་ནི་སྤྱན་ཆབ་རང་དབང་མེད་པ་ཤོར་ནས་དོན་དེ་ཁོ་ན་ལགས་སོ་ཡང་ཡང་བརྗོད་དོ། །ཁ་ཕྱིར་བལྟས་ཀྱི་ལབ་ལོབ་མང་པོ་ལ་སེམས་འཁྲི་བའི་རིགས་ཅན་དག་ནི། ད་དུང་འདི་ལས་ཟབ་པ་གཅིག་ཡོད་ལས་ཆེ་སྙམ་པས་ལྕེ་བདེ་ཁ་མཁས་དང༌། རྟོགས་བརྫུ་དང་གྲུབ་བརྫུ་སྐད་སྒྲ་གང་ཆེའི་རྗེས་སུ་བསྙེགས་པས་འདི་བྱས་དེ་ཐོན་མེད་པ་འོང་བ་དེ་འདྲའང་སྲིད་པ་བཅས། དཔལ་ལྡན་ས་སྐྱ་པའི་བསྟན་སྒོར་འཇུག་ཀྱང་འགྲམ་ཆུ་གཞན་ལ་ལྡང་བ་དང༌། ཡང་གྲུབ་མཐའ་གཞན་གྱི་རྗེས་སུ་འབྲང་ཡང༌། ཆོས་ཚུལ་ཟབ་མོ་གོང་དུ་བརྗོད་པ་དེ་ལྟ་བུ་ལ་རྒྱུ་མཚན་ཤེས་ནས་བཅོས་མིན་གྱི་འདུན་པ་མངའ་བའི་བློ་ཆེན་གཟུ་བོར་གནས་པ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཡང་མང་ཞིག་མཆིས་པ་དང༌། འགའ་ཞིག་རྡོ་རྗེའི་གསུང་གི་གསང་བ་ཟབ་མོ་རྣམས་རང་རྒྱུད་ལ་དད་བརྩོན་ཆེན་པོས་སྦྱར་རྒྱུ་མ་བྱུང་བའི་རྒྱུས་རང་བློ་བདེ་བའི་སྐབས་མ་རྙེད་པས་ཆོས་དང་བླ་མའི་སྐྱོན་དུ་སེམས་ནའང་རང་ཉིད་སྐལ་དམན་རིགས་ཆད་ཀྱི་ནོངས་པ་ལས་བྱིན་རླབས་དང་ཐུགས་རྗེ་ཞན་པ་ནི་མ་ཡིན་ནོ། །ཁ་ཅིག་གིས་རང་ཕྱོགས་ཕན་འབྲེལ་ཙམ་རྒྱུ་མཚན་དུ་བྱས་ཏེ་བསྟོད་བསྔགས་འུད་ཅི་ཆེས་བཀུར་བའང་ཡོད་མོད་ཀྱང་འདི་ནི་རྒྱུད་སྡེ་ནས་གསུངས་པའི་མཚན་ཉིད་ཐམས་ཅད་ནི་མངའ། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་མཛད་པ་ཕྱག་རྗེས་ནི་སྟོབས་ཆེ། ཁྱད་པར་མར་མེ་འགག་ཁ་ལྟ་བུའི་བཀའ་