R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༢༤༤
[A:༢༤༤]རྣམས་ཀྱིས་མཆོད་པའི་སླད་དུ་གདུགས་དང༌། རྒྱལ་མཚན་དང༌། བཀྲ་ཤིས་པའི་རྫས་དང་ཡོ་བྱད་གྲངས་མེད་པའི་རྣམ་པ་ཅན་གྱི་ཆུ་འཛིན་སྣ་ཚོགས་བཀོད་དེ། དགེ་མཚན་མངོན་དུ་གསལ་བར་བྱས་སོ། །གང་གི་ཚེ་ཡུམ་ལ་གློ་བུར་གྱི་ཟུག་རྔུ་དྲག་པོས་མ་མནར་བ་བདེ་བ་དང་ལྡན་བཞིན་པའི་ངང་ལ་བཙས་པ་ནི་ཇི་ལྟར་ལྷ་མོ་སྒྱུ་འཕྲུལ་མའི་སྐུའི་སྡོང་བུ་ལས་སྒྲོན་མེ་བཞི་པའི་མེ་ཏོག་རྒྱས་པ་དང་ཆོས་མཚུངས་སོ། །དེ་ལྟར་བཙས་པའི་ཁྱེའུ་ཆུང་དེའང་བཞིན་གྱི་མདངས་ནི་ཟླ་བ་ལྟར་གསལ་ཞིང༌། སྐྱེས་བུ་ཆེན་པོའི་མཚན་གྱིས་སྒེག་པས་ཀུན་གྱིས་མཐོང་ན་དགའ་བ་དང་བདེ་བའི་ཉམས་བསྐྱེད་པ་ཞིག་ཡོད་དོ་ཅེས་གྲགས། བགྲང་གཞི་གསུམ་པ་ནས་བྱིས་པའི་སྤྱོད་པ་ལས་འདས་ཤིང༌། མཆོག་ལ་གུས་པ་དང༌། དམན་ལ་བྱམས་པ་དང༌། ཚིག་གསལ་ལ་དྲང་པོར་བརྗོད་པ་དང༌། རྒྱུད་འཇམ་ལ་ཁྲོ་བ་མེད་པ་དང༌། དབུལ་ཕོངས་གཟིགས་ན་ཕྱག་ཏུ་ཅི་ཡོད་པ་སྟེར་བ་དང༌། ངུར་སྨྲིག་འཛིན་པ་དང་རྟེན་གསུམ་གཟིགས་ན་འབྲུ་དང་འབྲས་བུ་དང་ཆུ་དང་མེ་ཏོག་དང་བཟའ་བཅའི་དངོས་པོ་རྣམས་ཀྱིས་མཆོད་ཚུལ་མཛད་པ་དང༌། གཞན་ཡང་དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང༌། ཆོས་འཆད་པའི་ཚུལ་ཡང་ཡང་མཛད་པ་སྟེ་དམ་པའི་མཚན་རྟགས་མ་སྦས་གསལ་བར་སྟན་པ་ལ། འབྲེལ་པ་ཡོད་མེད་ཐམས་ཅད་ཀྱིས་བཀུར་སྟི་རིམ་གྲོ་བྱེད་ཅིང༌། ཡབ་ཀྱིས་ཚེ་རིང་ཕན་ཐོགས་མཚན་གསོལ་ཞིང༌། ཁུ་བོ་ཡོངས་འཛིན་པཎྜི་ཏས། ཚ་བོ་འདིས་ནི་བསྟན་པ་ལ་ཕན་ཐོགས་པ་ཞིག་འོང་ངོ་གསུངས་སོ། །བགྲང་གཞི་ལྔ་