[A:༣༢༢]ཞིབ་ཏུ་གནང་ངོ་ཞེས་ཐུགས་གཏད་ཆེ་བའི་ཉེ་བར་གནས་པ་དག་ལ་ཞལ་འཕྲོས་གནང༌། རྗེ་དེ་ཉིད་ཀྱི་བསྟན་བཅོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་ཆེན་པར་དུ་བརྐོ་བའི་ཆ་རྐྱེན་རྒྱུ་རྫས་ཀྱི་དངོས་པོ་དང་གསུང་རིས་བཅས་སྐྱེ་དགུ་དོན་གྲུབ་གླིང་ནས་སྡེ་དགེའི་ཕྱོགས་སུ་བསྐུར་གནང་མཛད་སྐབས། ཁོ་བོ་ཅག་ལ་ཟུར་ཡིག་ཏུ། ད་ལན་བླ་མ་རིན་པོ་ཆེའི་སྤྱོད་འཇུག་འགྲེལ་ཆེན་པར་དུ་བརྐོ་རྒྱུ་འདི་གསུང་རྟེན་བཞེངས་པའི་ཐ་མ་ཡིན་པས། དེ་མཐར་དབྱུང་བའི་ཐབས་ཚུལ་ལ་བརྩོན་དགོས། ཁྱོད་རང་ལ་ལས་སུ་བྱ་བ་ཐམས་ཅད་བཅོལ་བ་ཡིན་ནོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་པ་ཕྱག་བྲིས་དངོས་ཤིག་གནང་འདུག་པ་འདི་འདྲ་གསུང་སྲོལ་མེད་པས་ཅི་ཞིག་ཡིན་ནམ་སྙམ་པ་བྱུང༌། སྤྱིར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མཆོད་སྡོང་མང་པོ་བཞེངས་ནས་ཆོས་སྡེ་རྣམས་ལ་གཏན་འཇོག་བྱས་པ་ནི་སྨོས་ཀྱིས་མི་ལང་བ་དང༌། རིས་སུ་བྲིས་པ་དང༌། ཚེ་དབག་མེད་སྟོང་སྐུ། མི་འཁྲུགས་པ་སྟོང་སྐུ། རྡོར་སེམས་སྟོང་སྐུ། འོད་དཔག་མེད་སྟོང་སྐུ་བཅས་ལ་རས་གཞི་དངོས་སུ་འགོད་པ་དང༌། ལ་ལ་གྱང་ལོགས་ལ་འདྲི་བའི་མཐུན་རྐྱེན་སྩལ་བར་མཛད། ཕྱིས་སུ་ཐམས་ཅད་རིག་པ་ལྷ་སོ་བདུན་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་བཞེངས་ཏེ་ཁོང་ལ་ལྟོས་པར་བཅས་པ་ཐམས་ཅད་དང༌། འབྲེལ་པ་མཆིས་སོ་ཅོག་གི་སྐྱེ་འགྲོ་མ་ལུས་པ་ལས་ངན་གྱི་རྒྱུན་ཆད། ལུས་ངན་གྱི་རྟེན་དང་བྲལ་བའི་བསྔོ་སྨོན་ཀུན་ཏུ་བཟང་པོའི་རྩི་སྦྱོར་གྱིས་རྒྱས་འདེབས་པར་མཛད། རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐོག་ཚད་