[A:༣༢༣]མ་ཕྲ་རྒྱན་རིན་པོ་ཆེ་སྤུས་ལེགས་དུ་མས་སྤྲས་པ་བཞེངས་ཏེ་ངོར་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་གི་སྦུག་ཏུ་བཞུགས་སུ་གསོལ་ནས། འདི་ནི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་ཕུན་ཚོགས་རྒྱས་པའི་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བ་ཞིག་ཡོད་དོ། །ངའི་སྐུ་རྟེན་བཞེངས་པ་རྣམས་ཀྱི་རྗེས་མ་ནི་འདིའོ་གསུང་ངོ༌། །གདན་ས་གོང་འོག་གཉིས་ལྷ་གདན་ཇོ་ཤག་རྣམས་གསུམ་ལ་ལོ་རེ་རེ་བཞིན་ཏུ་མཆོད་འབུལ་གྱི་དངོས་པོ་གཏོས་ཆེ་བ་རེ་བསྐུར་གནང་མཛད། སྣང་གསལ་མར་མེའི་མཆོད་པ་འབུམ་ཕྲག་གཉིས་ཙམ་དུས་གཅིག་ཏུ་ཕུལ་བ་དང༌། གཞན་ཡང་དུས་བཟང་སོ་སོར་གྲངས་མང་ཕུལ་བ་དང༌། དུས་རྒྱུན་དུ་གྲངས་མང་ཕུལ་བ་དང༌། རྒྱུད་སྡེ་རིན་པོ་ཆེ་ལན་ལྔ་དང༌། སྒྲུབ་ཐབས་རིན་པོ་ཆེ་ལན་བཞི་དང༌། གསང་ཆེན་སློབ་བཤད་ལན་བཞིའི་ཚེ་རྒྱ་ཆེ་གྲངས་མང་ཕུལ་བ་བཅས་ལ་འབུམ་ཕྲག་མང་པོ་བརྒལ་བ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱུ་ཚོགས་སུ་ཡོངས་སུ་བསྔོ་བ་འབའ་ཞིག་མཛད། གཤིན་རྫས་དད་རྫས་ཀྱི་དངོས་པོ་ཆེ་ཕྲ་ཐམས་ཅད་གང་བྱུང་འཕྲལ་དག་གི་ཚུལ་དུ་ཆོས་སྡེ་རྣམས་ལ་ཆོས་ཡོན་སྦྱོར་བ་དང༌། ཆོས་གཞི་གསར་འཛུག་གི་རྟེན་དུ་གནང་བ་རྒྱུན་འཇགས་སུ་མཛད། མདོར་ན་དོན་ཡོད་རྣམ་པ་བཞིའི་སྒོ་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགྱེས་པའི་མཆོད་སྤྲིན་མཆོག་གི་རོལ་མོས་ཆོས་ཀྱི་དབྱིངས་མ་ལུས་པ་རྒྱས་པར་འགེངས་པར་མཛད་པ་ནི། ཆོས་སྡེ་རེ་རེ་རྫོགས་པ་དང༌། མཆོད་ཚོགས་ལན་རེར་སྤེལ་བའི་སྐབས་སུའང་དེ་ལྟར་གཞན་ལ་འདོམས་པ་དང༌། སྐུ་ཉིད་ཀྱིས་བདེན་སྨོན་མནྡཱ་ར་བའི་ཆར་