R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༢༥
[A:༣༢༥]སྐྱེ། །དབང་གདམས་སྣ་རེར་བདག་གིར་སྤྱོད་པ་ལ། །དཀར་མིན་བགེགས་ཀྱིས་བར་སྐབས་ཚོལ་སྲིད་ན། །ཡིད་སྐྱོབ་ཐེག་མཆོག་རྒྱ་མཚོར་ལོངས་སྤྱོད་པར། །རང་དབང་ཆེ་འདིས་གསང་བདག་དངོས་སུ་རྟོགས། །གློ་བུར་འཁྲུལ་པའི་ཟློས་གར་ཅི་ཙམ་སྒྱུར། །རང་བཞིན་དག་པའི་རང་གཟུགས་དེ་ཙམ་སྟོན། །སངས་རྒྱས་ཐམས་ཅད་དགྱེས་པའི་རོལ་མོ་མཁན། །སེམས་ཅན་ཀུན་ཡིད་དགའ་བའི་དགའ་སྟོན་པ། །བསྐལ་བཟང་འདྲེན་པ་སྟོང་གི་རྗེས་འབྲང་བའི། །གཞོམ་མེད་ལག་ཆ་འཛིན་པའི་ལྷ་དེ་དང༌། །ཐ་དད་མེད་ན་དམན་ལ་བརྩེ་ཆེ་བས། །ནམ་ཞིག་ཕྱིར་བཞིན་བྱོན་སྙམ་ཡང་བལྟ་ཤོར། །དགེ་ལེགས་ཡོན་ཏན་པདྨའི་དགའ་ཚལ་ན། །དད་བློ་སོར་མོའི་གར་སྟབས་རྩེས་པ་ལས། །ཇི་ཙམ་རྙེད་པའི་བསྔགས་བརྗོད་མ་ལི་ཀ །ཐོད་དུ་སྤ་བའི་སྐལ་བཟང་ཉམས་རེ་དགའ། །ཞེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་ནས། །གཞན་ཡང་རྗེ་བཙུན་འགྲོ་བའི་མགོན་པོ་སྐྱེ་འཆི་ལ་རང་དབང་ཐོབ་ཅིང་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པ་འདི་ནི། ཤིང་སྟག་གནམ་ལོ་གསར་ཚེས་རྗེ་ཉིད་བགྲང་གཞི་ཟླ་བའི་ཕུང་པོ་བཅུ་ཕྲག་དྲུག་དང་ཉག་མ་བརྒྱད་ཀྱི་རྩེ་ལ་སོན་པ་ན། སྣག་དབོན་དུ་གྱུར་ཅིང་ཕྱག་བདེ་པ་ལོ་གྲངས་མང་དུ་བྱས་པ་བློ་གསལ་ཚེའི་འདུ་བྱེད་རྫོགས་ནས། དགེ་ཚོགས་རླབས་པོ་ཆེ་ཕལ་པའི་བློས་མི་ཁྱབ་པར་བསྒྲུབས་ཀྱང༌། སྔོན་ནས་བསགས་པའི་ཉེས་ལྟུང་སྤྱི་དང་ཁྱད་པར་ཚེ་འདི་ལ་ཚུལ་ཁྲིམས་འཆལ་བ་དང་ཕྱག་རྫས་བག་མེད་དུ་སྤྱོད་པ་དང་བླ་སློབ་ཐུགས་དཀྲུགས་བགྱིས་པ་སོགས་ཀྱིས་ཡིན་ནམ། རྗེ་ཉིད་ཀྱི་གཟིགས་