R208: གསང་བདག་རྡོ་རྗེ་འཛིན་པ་འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་པར་ཐར་པ་ཆ་ཙམ་བརྗོད་པ་མཆོག་སྦྱིན་སྒོ་གསུམ་རང་གྲོལ་དགེ་ལེགས་ནོར་བུའི་ལྗོན་བཟང་སྐལ་བཟང་ལྷ་ཡི་དགའ་སྟོན།

  • Pagination (Witness A): ༣༢༦
[A:༣༢༦]ལམ་དུ་བར་དོའི་སྐབས་སུ་འཁྲུལ་སྣང་གི་འཇིགས་སྐྲག་དཔག་ཏུ་མེད་པ་མྱོང་བ་དང༌། དེ་ནས་འགོག་ཏུ་མེད་པ་དམྱལ་བའི་གནས་སུ་ལྷུང་ནས་བཟོད་དུ་མེད་པའི་སྡུག་བསྔལ་མྱོང་ཚུལ་གསལ་བར་མཁྱེན་ནས། སྦ་གསང་མེད་པ་ཞལ་ནས་ཡང་ཡང་གསུང༌། འདི་ཙམ་དུ་མ་ཟད་དེ་ལྟ་བུ་སྔ་ནས་མཁྱེན་ཅིང་གཟིགས་ཀྱང་སྐབས་འགའ་ཞིག་ཏུ་ཟུར་ཙམ་ལས་མི་གསུང་ཞིང༌། ཕྱིས་མཆོད་ཡོན་ཤིན་ཏུ་འབྲེལ་པ་མཛོད་ཟུར་བསོད་ནམས་མགོན་པོ་ལྔ་ལམ་དུ་སོང་སྐབས། སྙིང་རྗེ། སྡུག་གེ་དེ་ནི་བར་དོ་ལ་ཡིད་ལུས་ལེན་རྒྱུ་མེད་འདུག་པ་མར་གྱི་ཟང་ཐལ་བགྲོད་པ་ཞིག་ཨེ་ཡིན་ལས་ཅི་ཞིག་གི་རྣམ་པར་སྨིན་པར་ཡིན་ནམ། ནག་ཕྱོགས་རྒྱ་མིའི་དཔུང་གི་སྣ་འདྲེན་བྱས་པས་ཡིན་ལས་ཆེ་གསུང་ཞིང༌། སྙིང་རྗེ་རྗེ་བའི་སྐད་དུ་བསྒྲགས་ནས། རྗེས་སུ་འཛིན་པའི་རྣམ་པ་མང་པོས་རྗེས་སུ་བཟུང་བར་མཛད་པ་དང༌། དྲུང་ཆེན་བསོད་ནམས་དཔལ་གྲུབ་པའང་འཆི་བའི་སྐད་ཡེ་མེད་སྐབས་སྙིང་རྗེ་རྗེ་བའི་གསུང་ཡང་ཡང་ཕེབས་རྗེས་སྐྱབས་གསོལ་ཞུ་མི་བྱུང་ངོ་ཞེས་དེ་དུས་ཀྱི་ཉེར་གནས་དག་གིས་གླེང༌། རྗེ་ཉིད་ཀྱི་སྐུ་དབོན་ངན་འགྲོའི་གནས་སུ་ཕྱོགས་པ་ལ་ནི་ཐབས་གང་གིས་ཀྱང་བཟློག་པར་མི་ནུས་པའི་ཚུལ་དང༌། སྐུ་ཉིད་བྱོན་དགོས་པའི་ཚུལ་གསུང་སྐབས། གྲྭའུ་དཔོན་ཚང་དང་དད་སློབ་དམ་ཚིག་དག་ཅིང་ལྷག་བསམ་སྒྱུ་མེད་མང་པོས་བདག་ཅག་རྣམས་ཀྱིས་ཚོགས་བསགས་སྒྲིབ་སྦྱོང་གང་དགོས་ན་སྒྲུབ་ཆོག་པ་དང༌། སྐྱབས་རྗེ་ཉིད་སྐུ་ཚེ་ཞབས་པད་བརྟན་ནས་ཡུན་རིང་དུ་བསྟན་འགྲོའི་དཔལ་མགོན་མཆོག་ཏུ་བཞུགས་པར་གསོལ་བ་བཏབ་པས་