[A:༣༧]གསུམ། མོ་བཞི་སྟེ། དང་པོ་ནི། སྒྱེར་སྒོམ་སེ་བོ། གཤེན་སྒོམ་རོག་པོ། དབུས་པ་གྲོད་པོ་ཆེའོ། །དང་པོ་ནི། གཙང་གི་སྒྱེར་པ་ཡིན་ལ། གཉིས་པ་ནི་རྟ་ནག་པ་སྟེ། གཉིས་ཀའང་ཏིང་ངེ་འཛིན་དང་ཡོན་ཏན་གྱི་ཆོས་མང་པོ་དང་ལྡན། དངོས་གྲུབ་ཐོབ། གྲུབ་པ་བརྙེས་ཏེ་འཆི་བ་དང་མི་འཆི་བ་ལ་དབང་ཐོབ་པ་ཡིན་སྐད། དེའང་ཁོང་གཉིས་འཆི་ཙ་ན་དུས་གཅིག་ལ་འཆི་བའི་ཆད་མཛད་པས། སྒྱེར་སྒོམ་གྲོངས་ཙ་ན་ངའི་རོ་འདི་རི་མཐོན་པོ་ཞིག་ལ་སྐྱོལ་ཅིག་གསུང༌། ཉེ་གནས་ཀྱིས་ཁོང་གི་སྤུར་བསྐྱལ་ནས་ན་བཟའ་ཚོ་ཁུར་ཏེ། གཤེན་སྒོམ་ཅན་དུ་ཕྱིན་པས་ཁོང་གྲོངས་སམ་གསུངས། གྲོངས་ལགས་བྱས་པས། འོ་ན་ངའང་འཆི་དགོས། ངེད་གཉིས་དུས་གཅིག་ལ་འགྲོ་བའི་ཆད་བྱས་པ་ཡིན་གསུང་ནས་དེའི་ནུབ་མོ་གྲོངས་སྐད།
དབུས་པ་གྲོད་པོ་ཆེ་ནི། འཕན་ཡུལ་འཇག་ཐང་པའི་ཇག་ཁྱེར་གཅིག་ཡིན་ཏེ། དང་པོ་ནས་རླུང་གི་ནུས་པ་ཆེ་བས་ཟས་མང་པོ་འཇུ་བ་ཞིག་བྱུང་སྟེ། ཁོང་གིས་སྔོན་སྒོམ་ཆེན་པ་གཅིག་གི་ཕུག་ཏུ་ཕྱིན་པས། དེ་ན་ཆང་ཚོང་ཅིག་དང་ཕྱེ་ཕད་གང་འདུག་སྟེ་ཆང་ལ་ཕྱེ་བཏབ་ཅིང་འཐུངས་པས་ཐམས་ཅད་ཡོགས་ནས་ལུས་འགུལ་མ་ཤེས་ཏེ། སྒོམ་ཆེན་ན་རེ། ཁྱོད་མི་གཅིག་མི་འདུག་སོང་ཟེར། དེར་ཁོང་སྔར་གྱི་སྤྱོད་པས་སུན་ནས། བླ་ཆེན་གྱི་དྲུང་དུ་བྱོན་ནས་དབང་བསྐུར་ཅིག་ཞུས། གདམས་ངག་གནང་སྟེ་སྒོམ་དུ་བཅུག །འཚོ་བའང་བླ་མས་གནང་སྟེ། ནས་ཕུལ་དགུ་ལས་བྱས་པའི་ཟན་རེ། ལུག་ཤ་གཟུགས་རེ། ཆང་བན་རེ་བྱིན་གྱིན། ཁོང་གིས་ཀྱང་བརྩོན་འགྲུས་དྲག་པོས་བསྒོམས་པས་གྲུབ་པ་ཐོབ་སྟེ། འགྲོ་ན་རྟ་བས་མགྱོགས་ཤིང༌། ཟ་ན་ནས་ཁལ་གཉིས་གཉིས་ཀྱི་ཙམ་པའང་ནངས་