R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༣༨
[A:༣༨]རེ་ལ་ཟ་བར་ནུས་ཏེ། རླུང་གི་རླུང་སྤུ་གྲི་སྟོབས་སུ་གྱུར་པ་བྱ་བ་ཡིན་སྐད། སྤུ་གྲི་ལའང་ཕྱི་ནང་གི་སྤུ་གྲི་གཉིས་ལས་འདི་ནང་དང༌། ནང་ལའང་ཡོན་ཏན་དང་ཁ་ཟས་གཅོད་པར་བྱེད་པ་གཉིས་ལས། ཕྱི་མ་སྟོབས་སུ་གྱུར་པ་ཡིན་ཞེས་ཆོས་རྗེ་པས་གསུངས་སོ། ། མོ་བཞི་ནི། སྟོད་མོ་རྡོ་རྗེ་མཚོདབྲད་སྒོམ་མ་དཀོན་ནེཤབ་མོ་ལྕམ་གཅིགའཆད་མོ་ནམ་མཁའའོ། །དང་པོ་ནི། ཡུལ་མང་མཁར་དགྲ་འདུལ་བ་སྟེ་ཆོམ་པོ་ཞིག་བྱུང་བས་བུ་ཁྱོ་བསད། ནོར་ཐམས་ཅད་ཁྱེར་བའི་རྐྱེན་གྱིས་ཁམས་འདུས་པ་ལ་རྙིང་མའི་འདྲེ་འདུལ་བྱས་པས་ཀྱང་མ་ཕན་པར། སྡུག་བསྔལ་གྱིན་ཡོད་པའི་ལོ་རྒྱུས་འགའ་ཞིག་གིས་བླ་ཆེན་གྱི་སྙན་དུ་ཕུལ་བས་དེ་ངའི་གམ་དུ་བྱུང་ན་སྡུག་བསྔལ་དེ་ཉིད་ལམ་དུ་བསྲེལ་ཤེས་པ་ཡིན་ཏེ་གསུངས་ནས་ཞལ་ཚོམས་ཤིག་འཐོན་གིན་གདའའོ། །དེ་མོ་ལ་སྨྲས་པས། བླ་ཆེན་གྱི་དྲུང་དུ་འོངས་ནས་དབང་བསྐུར་ཅིག་ཞུས། གདམས་ངག་བསྟན་ཏེ། རླུང་སེམས་ཀྱི་རྟེན་འབྲེལ་དུ་ཤེས་པས་སྨྱོ་བ་སངས་ཏེ། ཏིང་ངེ་འཛིན་མང་པོ་སྐྱེས་ནས་ལུས་མ་སྤངས་པར་གྲུབ་པ་ཐོབ་སྟེ་ལྷོ་ཕྱོགས་དཔལ་གྱི་རི་ལ་གཤེགས་སོ། །དེ་ནི་ལས་འཕྲོ་ཅན་རང་གི་ངང་གིས་ཁམས་འདུས་པ་བྱ་བ་ཡིན་ནོ། ། དབྲད་སྒོམ་མ་ནི། མང་མཁར་ཕུའི་དབྲད་ཀྱི་གཡའ་མཁར་མ་སྟེ། ཁྱོ་ཤི་ནས་ཁམས་འདུས་པ་ཞིག་བྱུང་ནས། བླ་ཆེན་གྱི་དྲུང་དུ་འོང༌། དབང་བསྐུར་ཞུས། བསམ་མི་ཁྱབ་བསྟན་པས། མིག་གི་རྣམ་ཤེས་རྟོགས་པ་ཡིས། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་པའི་ཚིག་ལ་བརྟེན་ནས། བླ་མ་ལ་མོས་གུས་བསམ་གྱིས་མི་ཁྱབ་པ་སྐྱེས་པས། མུ་གུ་ལུང་གི་ཆོས་ར་དེ་ཉིད་དུ་ཞག་བདུན་ཏིང་ངེ་འཛིན་གཅིག་ལ་སོང་སྟེ།