[A:༤]ལ་ཞི་ལྷག་སྒོམ་པ་དང་ཚུལ་ཁྲིམས་དང་ལྡན་པ་མང༌། ལུང་གི་དུས་ལ་སྡེ་སྣོད་གསུམ་སོ་སོར་སྤྱོད་བ་མང་བར་གསུངས། དེ་ལ་སྔོན་སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བས་ལོ་བཞི་སྟོང་འགྲིབས་ཏེ་དེའི་ལྷག་མ་རྣམས་ཕལ་ཆེར་རྒྱ་གར་དུ་གནས་པས་སངས་རྒྱས་བྱོན། ཆོས་གསུངས། བཀའ་བསྡུས་པས་བསྟན་པ་དར་བའི་ཡུལ་རྒྱ་གར་དབུས་ཡིན་པས།
འོད་སྲུངས་ཀྱིས་སྨྲས་པ། ཁྱོད་ཀྱིས་བསྙེན་བཀུར་གསོལ་ཏེ། བུད་མེད་རབ་ཏུ་བྱུང་བས་བསྟན་པ་ལྔ་བརྒྱ་ཕྲག་བཅུ་གནས་པ་ལ། འབྲས་བུའི་དུས་གཅིག་ཕྲི་སྟེ་རྟགས་ཙམ་འཛིན་པར་འགྱུར་རོ། །ཞེས་ཆོས་ལ་འཇུག་པའི་སྒོ་ལས་གསུངས་སོ། །
དེས་ན་ཁྲིམས་གཉིས་ཀ་ཤིན་ཏུ་དར་བར་བྱུང་བ་ཡིན་ཞིང༌། དགྲ་བཅོམ་པ་དང༌། ལན་ཅིག་ཕྱིར་འོང༌། ཕྱིར་མི་འོང༌། རྒྱུན་ཞུགས་ཏེ་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། རྒྱན་དྲུག་དང་མཆོག་ཟུང་སྟེ་བརྒྱད་ལ་སོགས་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཁས་པ་རྣམས་དང༌། གཞན་ཡང་མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུ་དུ་མ་བྱོན་ནས་བསྟན་པ་ཡུན་རིང་གནས་པར་མཛད་པ་ཡིན་ནོ། །
གཉིས་པ་ལའང་གསུམ་གྱི། དང་པོ་བསྟན་པ་སྔ་དར་གྱི་ལོ་རྒྱུས་ནི། འོ་ན་བསྟན་པ་དེ་བོད་དུ་ཇི་ཙམ་ནས་བྱུང་སྙམ་ན། བོད་མཐའ་འཁོབ་ཡིན་པས་སྔོན་ཁྲིམས་གཉིས་ཀ་མེད་དེ། ཟས་སུ་རི་དྭགས་ཀྱི་ཤ་ཟ། པགས་པ་གོས་སུ་གྱོན། དགེ་སྡིག་གི་བྱེ་བྲག་གང་ཡང་མི་ཤེས་ཤིང་རང་དགའི་སིལ་བུར་གནས་པས་ཡུན་རིང་པོར་ཆོས་ཀྱི་མིང་ཙམ་ཡང་མ་བྱུང་ངོ༌། །བོད་འདི་གང་ལས་འཕེལ་སྙམ་ན། སྔོན་རྒྱ་གར་དུ་ཁྱབ་འཇུག་དང་འཐབ་དཀའ་འགྲས་ཏེ། ཁྱབ་འཇུག་གིས་སྐྱབས་བསེང་གི་ཕྱོགས་བྱས་ཏེ་གཡུལ་ཆས་པ་ན་སྲིད་སྒྲུབ་ཀྱི་ཁོ་བོས་ཉེ་དུའི་ཚོགས་གསོད་མི་ནུས་