R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A):
[A:༥]སོ་ཞེས་སྨྲས་པ་དང༌། ཁྱབ་འཇུག་གིས། གང་གིས་མི་ནི་གསད་པ་དང༌། །གང་ཞིག་གསོད་པར་བྱེད་པ་དག །དགེ་སྡིག་གཉིས་ཀར་མི་རིགས་ཏེ། །གསོད་དང་གསད་པ་ཡོད་མིན་ཏེ། །རིགས་དང་འདུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་ལང་གླང་པོ་དང༌། །ཁྱི་དང་སྨེ་ཤ་ཅན་དག་དང༌། །མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་སོགས་མེད་ལྟའི་ཚིག་དང་གཟུགས་སྣ་ཚོགས་བསྟན་པས་བསླུས་པས། སྲིད་སྒྲུབ་ཀྱི་ཁ་ལོ་བ་ཁྱབ་འཇུག་གིས་བྱས་ཏེ། གཡུལ་བཀྱེས་པས་འཐབ་དཀའི་རིགས་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་བྱས་སོ། །དེའི་ཚེ་རཱུ་པི་ནི་ཞེས་བྱ་བའི་རྒྱལ་པོ་དཔུང་ཚོགས་དང་བཅས་པས་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་ཁ་བ་ཅན་དུ་བྲོས་ནས་རི་ཁ་བ་ཅན་དུ་གནས་པའི་རིགས་ལ་དེང་སང་ཡང་བོད་ཅེས་གྲགས་པ་ཡིན་ནོ། །ཞེས་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ཤེས་རབ་གོ་ཆས་བྱས་པ་ལས་བཤད་དོ། །དེ་ལྟ་བུའི་བོད་འདིར་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་བོད་གདོང་དམར་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་ལོ་དེ་ཙམ་ནས་བསྟན་པའི་དབུ་བརྙེས་ནས་ཆོས་རྒྱལ་མེས་དབོན་གསུམ་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་ཅེས་དེང་སང་གི་བར་དུ་གཏམ་དུ་གྲགས་པ་ཡིན་ནོ། །ཚུལ་ཇི་ལྟར་ན་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཕོ་བྲང་གི་སྟེང་དུ་མདོ་ཟ་མ་ཏོག་བཀོད་པགསེར་གྱིས་བྲིས་པའི་དཔང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་བ། ཙིནྟཱ་མ་ཎིའི་རྐོས་ཕོར་རྣམས་ཕྱག་རྒྱ་སྒྲོམ་བུའི་ནང་དུ་བཅུག་པ་ནམ་མཁའ་ལས་བབས་ནས་རྒྱལ་པོའི་ཕྱག་ཏུ་བྱུང་བ་ལས།