[A:༥༧]བཏང་བས། བླ་མ་སྟོན་མོ་བྱེད་པ་ཞིག་གི་གྲལ་མགོ་ན་བཞུགས་པ་ལ། ས་སྐྱ་ནས་འོང་བ་ཞིག་མཇལ་བར་ཞུ་ཡིན་གདའ་འོ་བྱས་ཏེ་ཞུས་པས། ཟ་རྒྱུ་འདོད་པ་མིན་ནམ། བྱིན་གསུངས་ནས་མ་མཇལ། ཡར་ལོག་མར་ལོག་མང་པོ་ཞིག་བྱས་ནས་ས་སྐྱ་ནས་འོང་བའི་འབུལ་བ་ཞིག་བདོག་པས་མཇལ་བར་ཞུ་བྱས་པས། འཕྲལ་ཐུགས་ཅོལ་ཆུང་བ་འདྲ་བ་ཞིག་ཡོད་པས་ཁོང་རང་བྱོན་ནས་འབུལ་བ་ཅི་ཡོད་གསུངས། གསེར་ཞིག་བདོག་བྱས་པས། ཞོ་དུ་ཡོད་གསུང༌། སྲང་བཅུ་བདུན་ཙམ་བདོག་བྱས་པས་མཉེས་ནས་ཁོ་རང་གི་ཁུག་མ་ནས་ཀྱང་སྲང་གང་བཏོན་ནས་འདིའང་དེའི་སྟེང་དུ་བསྣོན་ལ་སྲང་བཅོ་བརྒྱད་ཡོད་པ་གྱིས་ལ་ང་ལ་ཚོགས་སུ་ཕུལ་གསུངས། དེ་ལྟར་བྱས་པས་ཁོང་དམ་ཚིག་པ་བསམ་གྱིས་མི་ཁྱབ་པར་འདུག་པ་ལ་ངས་དེ་ལྟར་ཅུང་མ་གོ །ད་ངའི་གམ་དུ་ཁོང་ལ་ལན་གཅིག་ཅིས་ཀྱང་ཤོག །ཆོས་ཀྱི་ལྷག་མ་འདྲ་ད་རུང་ཡོད་པས་ཁྱེད་ལ་སྟེར་བ་ཡིན་གྱིས་ཤིག་གསུང༌། དེར་བནྡེ་དེས་མར་འོངས་ནས་བླ་མ་ལ་ཕྲིན་བྱས་པས། བླ་ཆེན་གྱིས་ཀྱང་ཡར་བྱོན་ཏེ་སྦྱོང་རྒྱུད། རབ་གནས་ཀྱི་རྒྱུད། ཡན་ལག་བརྒྱད་པ་ལ་སོགས་པའི་ཆོས་ལྷག་མ་རྣམས་གསན། ཁྱད་པར་དུ་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནང་ནས། དེའི་རྟེན་དུ་དར་ནག་དང༌། ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་དང་བཅས་ཏེ། མགོན་པོ་ལ་མི་ལ་མི་ཟེར་བ་ལྟར། ད་ང་རྒས་པས་ཁྱེད་མི་དགོས། ཁྱོད་རང་འཁོན་ས་སྐྱ་པའི་རྗེས་ལ་སོང་ཞིག་ཟེར་ནས་བརྫོངས། དེ་རྣམས་བསྣམས་ནས་མར་བྱོན། ལ་སྟོད་དུ་པུ་ཧྲང་ལོ་ཆུང་ལས་བདེ་མཆོག །གསང་འདུས། དུས་འཁོར་ལ་སོགས་པ་གསན། གཞན་ཡང་མདོ་ཁམས་འབྲི་ཀླུང་པའི་སྐྱུར་ཨ་སྐྱབས་ལས་