[A:༥༨]གསང་འདུས་འཕགས་སྐོར་དང༌། ཡེ་ཤེས་ཞབས་ཀྱི་སྨད། ཞབས་ཀྱི་སྐོར་རྣམས་གསན། རྡོ་རྗེ་གདན་པ་ལས་མ་ཧཱ་མཱ་ཡཱ་དང༌། རྡོ་རྗེ་བདུད་རྩི་སེམས་འཛིན་བརྒྱད་ཅུ་ལ་སོགས་པ་དང༌། བལ་པོ་པཎྜི་ཏ་པདྨ་ཤྲཱི་ལས་མཚན་བརྗོད་དུས་འཁོར་ལུགས་
འབྲོམ་ལས་ཇོ་བོ་རྗེ་ནས་བརྒྱུད་པའི་ཕར་ཕྱིན་དང༌། བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། དགེ་བཤེས་རྔོག་ལས་ཀྱང་ཕར་ཕྱིན་གསན།
རྒྱ་གར་གྱི་རྣལ་འབྱོར་སམྦྷོ་ཊ་རཱ་ཧུ་ལ་ལས་མན་ངག་དུ་མ་དང༌། བལ་པོ་པཎྜི་ཏ་ཛྙཱ་ན་བཛྲ་ལས་རྣལ་འབྱོར་མའི་ཆོས་དུ་མ་གསན་ནོ།།
༈ གཉིས་པ་ཁྱད་པར་གསུང་ངག་ནོད་པའི་ཚུལ་ནི། གུང་ཐང་དུ་ཕྱག་ཕེབ་པ་དང་གསུང་ངག་ཉན་པར་བཞེད་དེ། སེའི་སློབ་མ་སུ་དྲག་དྲིས་པས། འགའ་ཞིག་ཞ་མ་དྲག་ཟེར། རྒྱུས་མ་རྣམས་ན་རེ། དེ་ལ་གདམས་ངག་རྫོགས་པ་མེད་པས། ཞང་སྟོན་མཆེད་དྲག །དེའང་གཅུང་པོ་ནི་གྲོངས་ནས་མེད། གཅེན་བཞུགས་པས་དེ་མཁས་ཟེར། དེར་བཞུད་པར་དགོངས་ནས་བླ་མ་གནང་ཁའུ་པ་ལ་འགྲོ་བར་ཞུས་པས། སྒོམ་ཆེན་པ་འདི་རྫུན་ཆེ་བ་ཡིན། གདམས་ངག་ཅིའང་མེད་མཆིས། དད་པ་ཡོད་ན་གསང་འདུས་ཀྱི་སྒྲུབ་ཐབས་བསྟན་པས་ནོར་རྫས་བསྒོམས་གསུངས་ནས་མ་གནང་བ་ལ། བདག་ལ་ཡིད་ཆེས་པ་ཞིག་བདོག་ཞུས་པས། འོ་ན་རྒྱུགས་གསུངས་ནས་བྱོན། སག་ཐང་དུ་ཕེབ་པ་དང་ཐག་མཁན་ཚོ་ཞིག་འདུག་པ་ལ། ཞང་དགོན་པ་བ་ལ་མཇལ་གྱིས་དང་བྱས་པས། ཕ་གི་ཀ་ཡིན་ཟེར། བལྟས་པས་མི་མང་པོ་ཞིག་གི་དཀྱིལ་ན་ཤ་འགག་མེད་པར་ཤམ་ཐབས་གཅིག་གསོལ། ར་ཐུལ་ཞིག་ཕྱིར་སློག་ཏུ་གྱོན་ནས་ཡོ་ག་བྱེད་ཀྱིན་གཏམ་ཆལ་ཆོལ་མང་པོ་གསུང་གིན་འདུག །དེར་དྲུང་དུ་ཕྱིན་ནས་