[A:༦༩]།ཕྱིས་བླ་ཆེན་ལས་དབང་དང་གདམས་ངག་ཞུས་ཏེ་བསྒོམས་པས་བྲལ་བའི་འབྲས་བུ་ཐོབ་པ་ཞིག་བྱུང་སྐད་དོ། །
མཚར་ཁའི་རྣལ་འབྱོར་པ་ནི་སྔར་བསྟན་པ་བཞིན་ཏེ་འབྲས་བུ་གསུམ་མངོན་དུ་གྱུར་པ་ཡིན་ནོ། །འོད་གྲགས་ནི་བླ་ཆེན་ལ་དབང་བསྐུར་ཞུས་ནས་བསྒོམས་པས་ས་སྐྱའི་མདུན་ཡིན་པ་སྙམ་བྱེད་པ་ཞིག་ན་ཤིང་རིང་པོ་གཅིག་གི་རྩེ་ན་ཁོང་འདུག་པས་ཐུར་དུ་བལྟས་པས་མཚོ་ཞིག་དམར་ལྷོག་ལྷོག་ཁོལ་བྱུང༌། མ་གིར་མ་ལྷུང་ན་དགའ་སྟེ་སྙམ་ཙ་ན་སྤྱིའུ་ཚུགས་སུ་ལྷུང་ནས་གཏིང་དུ་སོང་བས་རུས་པར་ཟངས་ཀྱིས་སོང༌། དེར་མཚོ་གྲང་ན་དགའ་སྟེ་སྙམ་པས་འཁྱགས་ཏེ། དེ་ལ་སྦོ་སྦྱར་ནས་སྲད་སྲད་བྱས་པས་ཁོག་སྟེ་ངོས་གཅིག་འཁྱགས་པ་ལ་འབྱར་ནས་གློ་སྙིང་ཕྲུལ་ལེ་འདུག་པས་སད་སྐད་དོ། །དེ་ལྟ་བུ་ལ་སོགས་པ་མཐོང་སྣང་བསྟན་པ་དང༌། ཏིང་ངེ་འཛིན་གྱི་ཡོན་ཏན་མང་པོ་མངའ་བ་ཡིན་གསུངས་སྐད་དོ། །
མང་ཆུང་མ་ནི་བླ་ཆེན་ལས་དབང་ཞུས། གདམས་ངག་བསྟན་ནས། མང་མཁར་མདའ་ན་སྒོམ་ཞིང་ཡོད་པས། ཀོ་ཀོ་གཡག་ཏུ་སྐྱེས། དེར་ཐོག་ཏུ་གཡག་ཁྱུ་གཅིག་བྱུང༌། བྲོས་པས་མ་ཐར། གཅིག་གི་རྨིག་པས་བཅར་པ་སྙམ་བྱེད་པས་སད། གཡག་ཁྱུ་དེ་ཀ་ན་ཡར་འགྲོ་ཡིན་འདུག །ངས་ཅིས་ཀྱང་དེར་སྐྱེས་ཟེར། དེའང་དུད་འགྲོའི་གནས་སྦྱོང་ཁོ་ན་བྱུང་བ་མང༌། དེ་ནས་ཀྱང་བཙོས་སུ་སྐྱེས་པ་མང་གསུངས། ཕྱིས་ཡུན་རིང་དུ་བསྒོམས་པས་སྡུག་བསྔལ་གྱི་རྐྱེན་གྱིས་ཀྱང་བདེ་བ་སྐྱེ། ན་བཟའ་རེ་བ་གསོལ་ཀྱང་ལྷག་པར་བདེ་བའི་གྲོགས་བྱེད། རྡོ་བ་རང་རོང་གི་སྟེང་དུ་བཞུགས་ཀྱང་བདེ་བའི་གྲོགས་བྱེད། དེས་རྒྱུ་མཐུན་གྱི་འབྲས་བུ་ཐོབ་པ་ཡིན་སྐད་དོ། །དེ་ལ་སྔ་མ་གསུམ་ནི་རྗེ་བཙུན་གྲགས་པའི་