[A:༨༡]སྨྲ་བར་འཁོད་པར་སྣང་ངོ༌། །རྗེ་དེ་ཉིད་ལ་གསོལ་བ་བཏབ་པས་གཤེགས་པ་ལ་སྤྲོ་བར་གཟིགས་ནས། ཁྱེད་ཀྱང་བདེ་བ་ཅན་གྱི་བཀོད་པ་ལ་ལྟོས་ཤིག་གསུང་སྟེ་ཕྱག་གིས་བརྡ་སྤྲད་པས་བཻ་ཌཱུརྱའི་ས་གཞི་དང༌། རིན་པོ་ཆེའི་ཤིང་ལྗོན་པ་ལ་སོགས་པའི་བཀོད་པ་ཡིད་འཕྲོག་པ་གཟིགས་སོ། །དེར་དང་པོ་གསེར་མདོག་ཅན་དུ་གཤེགས་གསུངས་པ་དང་མི་འགལ་ལམ་ཞུས་པས། བླ་མ་ཡབ་སྲས་ཀྱི་དྲུང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་གྱི་སྟོབས་ལས་རེ་ཞིག་བདེ་བ་ཅན་དུ་འགྲོ་གསུངས། དེ་ནས་རྣམ་པར་ཐར་པ་འགའ་ཞིག་གསུངས་པ་མནལ་སད་པ་ན་བསྙེལ་སྐད། དེའི་ཚེ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བསྒོམས་པ་ལ་སོགས་པ་མཛད་ནས་ཆོས་རྗེ་ལ། ཁོ་བོ་རེ་ཞིག་བདེ་བ་ཅན་དུ་འགྲོ། དེར་ཡུན་མི་རིང་བ་ཞིག་བསྡད་ནས་གསེར་གྱི་མདོག་ཅན་དུ་སྔར་བཤད་པའི་ཚུལ་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོབས་ཀྱི་ཆ་བྱད་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད། དེ་ནས་སྐྱེ་བ་གསུམ་པའི་ལུས་དེ་ཉིད་ལ་བརྟེན་ནས་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཏུ་རེ་བ་ཡིན་གསུངས་ནས། གསང་སྔགས་ཀྱི་རྟེན་འབྲེལ་ཟབ་མོ་ལ་རྩེ་གཅིག་ཏུ་མཛད་དོ། །དགུང་ལོ་བདུན་ཅུ་དོན་བཞི་པ་མེ་ཕོ་བྱི་བའི་ལོ་ཁྲ་ཟླ་བའི་ཚེས་བཅུ་གཉིས་ལ་བདེ་བ་ཅན་དུ་གཤེགས་སོ།།
༈ ས་ཆེན་གྱི་སྲས་བཞི་པ་ནི། གཅུང་དཔལ་ཆེན་འོད་པོ་སྟེ། དེས་ཀྱང་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང༌། མན་ངག་མང་པོ་དང་གསོ་བ་རིག་པ་ལ་སྦྱངས་ཏེ། བརྩེ་བའི་ཐུགས་རྗེས་འགྲོ་བ་མང་པོའི་དོན་མཛད་ནས། ལྕགས་ཕོ་རྟ་ལ་འཁྲུངས་ནས་ཆུ་མོ་ཕག་གི་ལོ་དགུང་ལོ་ང་བཞི་བཞེས་པའི་དུས་སུ་ཟླ་བ་ལྔ་པའི་ཚེས་ཉེར་