R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༩༣
[A:༩༣]གསུམ་གྱིས་བསྟན་པ་ལ་བྱ་བ་མཛད་པ་ཡིན་ནོ། །མན་ངག་གི་བརྒྱུད་པ་འཛིན་པ་ནི། དམར་ཆོས་རྒྱལ་དང༌། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་ལ་སོགས་པ་ཡིན་ཏེ། སྔ་མས་ནི། ཆོས་རྗེ་པའི་གསུང་ལ་ནན་ཏན་གཙོ་བོར་མཛད་ནས་རྡོ་རྗེའི་ཚིག་རྐང་ལ་འགྲེལ་པའང་མཛད་ཅིང༌། ཕྱི་མས་ནི། ཁྲིད་ཀྱི་གསུང་ཐོ་ཞུ་བའི་ཆེད་དུ་བྱང་ངོས་སུ་རྐང་འགྲོས་ཀྱིས་འབྱོན་པ་ལ་སོགས་མན་ངག་གི་ཆེད་དུ་དཀའ་བ་དུ་མ་མཛད་ཅེས་ཐོས་སོ། །རྟོགས་པའི་བརྒྱུད་འཛིན་ནི། གཙོ་བོར་ཚོགས་སྒོམ་ཀུན་དགའ་དཔལ་དང༌། གྲུབ་ཐོབ་ཡོན་ཏན་དཔལ་གཉིས་ཏེ། དང་པོས་ཆོས་རྗེ་པ་ལོ་བཅུ་གསུམ་བསྟེན་ནས་ཆོས་རྗེ་ལ་བཞུགས་པའི་སྔགས་མཚན་ཉིད་ཀུན་དང༌། ཁྱད་པར་དུ་གསུང་ངག་ལ་ནན་ཏན་མཛད་དེ་རླུང་བསྒོམས་པས་རྒྱུ་བ་གསལ་བ་རྣམ་པ་ངེས་པ་ལ་སོགས་པའི་ཡོན་ཏན་མངོན་དུ་གྱུར་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་དེ་ཚུལ་ཁྲིམས་ཀྱི་དྲི་དང༌། བསམས་ན་ཤེས་པའི་མངོན་ཤེས་ལ་སོགས་པ་ཏིང་ངེ་འཛིན་གྱི་ཡོན་ཏན་མང་པོ་བརྙེས་པ་ཡིན་ནོ། །ཕྱི་མས་ཀྱང་ཆོས་རྗེ་ཉིད་ལ་དབང་དང་གསུང་ངག་ལ་སོགས་པ་ཆོས་མང་པོ་ཞུས་ཏེ། བསྒོམས་པས་རླུང་གི་ཡོན་ཏན་དང་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མངའ་བརྙེས་སྐད་དོ།།
༈ གཉིས་པ་བླ་མ་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ནི།ཆོས་ཀྱི་རྗེ་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས་ལུང་རིག་མན་ངག་དུ་མའི་བརྒྱུད་པ་འཛིན་པ་ནི། འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་སྟེ། དེའི་ཡབ་ནི། ཆོས་རྗེ་པ་མཆེད་གཉིས་ཡོད་པའི་གཅུང་བསོད་ནམས་རྒྱལ་མཚན་ཡིན་ཏེ། དེའང་བླ་མ་རྗེ་པ་དང་ཆོས་རྗེ་པ་ལས་ལུང་རིག་མན་ངག་དུ་མ་གསན་