R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༩༢
[A:༩༢]ནས་ཁྱོད་སྐྱེ་བ་ཐོག་མ་མེད་པ་ནས་ལམ་ལ་སྦྱངས་ཤིང༌། ཁྱད་པར་དུ་སྐྱེ་བ་ཉི་ཤུ་རྩ་ལྔར་མི་ནས་མིར་གྱུར་ཏེ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་ལྔ་ལ་སྦྱངས་པ་ཡིན་ནོ། །ཚེ་འདི་ཉིད་ཀྱི་འོག་ཏུ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དུ་མ་བརྒལ་བའི་ཕ་རོལ་ཏུ་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས་དེ་བཞིན་གཤེགས་པ་དུ་མ་མཉེས་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་ས་དང་ལམ་རྣམས་ཕལ་ཆེར་བགྲོད་དེ། སྐྱེ་བ་གསུམ་པ་ལ་འཛམ་བུའི་གླིང་འདི་ཉིད་ཀྱི་ཤར་ཕྱོགས་ཀྱི་ལྷོ་ལ་ཉེ་བའི་རྒྱ་གར་མུ་མུ་ནི་ཞེས་བྱ་བར་རྒྱལ་པོ་ཉི་མའི་སྟོབས་འཕེལ་ཞེས་བྱ་བའི་བུར་གྱུར་ནས་བདེ་བར་གཤེགས་པའི་བསྟན་པ་རྒྱས་པར་བྱས་ནས། སྐྱེ་བ་བཞི་པ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་སུ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་སངས་རྒྱ་བར་ལུང་བསྟན་ཅིང་དབུགས་དབྱུང་བར་མཛད་དོ། །དེ་ལྟ་བུའི་བླ་མ་དེ་དགུང་ལོ་བདུན་ཅུ་བཞེས་པའི་ལྕགས་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་བཞིའི་དུས་སུ་ལྷ་དང༌། རིག་པ་འཛིན་པ་དང༌། དཔའ་བོ་དང༌། མཁའ་འགྲོའི་བསུ་བ་དང༌། ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ཏེ་གཤེགས་པར་གྱུར་ཏོ།།
༈ དེ་ཉིད་ལ་སློབ་མའི་མཆོག་ཇི་ལྟ་བུ་བྱུང་ན། སྤྱིར་བསམ་གྱིས་མི་ཁྱབ་ཀྱང༌། བཤད་བཀའ་འཛིན་པའི་གཙོ་བོར་གྱུར་པ་འུ་ཡུག་པ་རིག་པའི་སེང་གེ་དང༌། ཁང་གཉན་ཞང་གསུམ་དུ་གྲགས་པ་རྣམས་ཏེ། འདི་དག་ཀྱང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་ཚུལ་ཁྲིམས་ཀྱིས་རྒྱུད་ཕྱུག་ལ། མང་དུ་ཐོས་པའི་བློ་གྲོས་ཀྱིས་ལུས་མཛེས་པར་བྱས་པ་སྟེ། མཁས་པའི་བྱ་བ་