[A:༤༢༡]དོན། རིགས་ཅན་གསུམ་ཆར་རྗེས་སུ་འཛིན་པའི་མན་ངག །ཟབ་པའི་ཚུལ་བཅུ་གཅིག་དང་ལྡན་པ། ལམ་རྒྱས་འབྲིང་བསྡུས་གསུམ་མམ། ཟབ་འབྲིང་ཐ་མ་གསུམ་དུ་བསྟན་པའི་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་འདི་ཉིད་དོ། །གཉིས་པ་ནི། མཐའ་དྲུག །ཚུལ་བཞི་སོགས་དང༌། ཚད་མ་བཞི། སྙན་བརྒྱུད་བཞི་སྟེ། སྔ་མ་དག་གིས་རྒྱུད་དང༌། ཕྱི་མ་དག་གིས་མན་ངག་སྐོར་འཆད་པའོ། །གསུམ་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྒྱུད་འཆད་ཚུལ་ལ། རྒྱུད་རྒྱུད་ལྟར་འཆད་པ་འགྲེལ་པ་ལུགས་དང༌། རྒྱུད་མན་ངག་ལྟར་འཆད་པ་མན་ངག་ལུགས་གཉིས། དེ་དག་ལ་འཇུག་ཚུལ་ཡང༌། སྐལ་དམན་རིམ་གྱིས་པ་དང༌། སྐལ་ལྡན་ཅིག་ཅར་བ་གཉིས་ཡོད་ཀྱང༌། བླ་མ་གོང་མ་རྣམས་ཀྱིས་སྔོན་བྱུང་གི་རྣམ་ཐར་དང༌། གདུལ་བྱ་དཀྲི་ཚུལ་གྱི་ཟབ་གནད་ལ་དགོངས་ཏེ་འགྲེལ་པ་ལུགས་ལ་ཅིག་ཅར་བ་དང༌། མན་ངག་ལུགས་ལ་རིམ་གྱིས་པ་གཙོ་བོར་སྦྱར་བ་ལས། འདིར་མན་ངག་གི་སྐོར་དང་རྒྱུད་གཉིས་ཀ་འཆད་པའི་ཚུལ་ལ། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་སྔགས་ཀྱི་རྒྱལ་ཚབ་ཆེན་པོ་ངོར་རྫོང་གཉིས་ལ་མི་མཐུན་པ་མང་མོད། ངོར་ཆེན་རྡོ་རྗེ་འཆང་གི་ཕྲིན་ལས་སྐྱོང་བ་ཚོགས་སློབ་ཀྱི་བརྒྱུད་འཛིན་དམ་པ་རྣམས་བཞེད་པ་མཐུན་པར། སྔོན་འགྲོའི་ཁྲིད་སྣང་གསུམ་རྫོགས་ནས་རྒྱུ་དབང་གིས་སྨིན་པ་དང༌། དངོས་གཞི་རྒྱུད་གསུམ་གྱིས་དཀྲི་བའི་སྐབས་ལམ་དབང༌། བྱིན་རླབས་སྐོར། རྣམ་བཤད་རིགས་སྐབས་སུ་གང་བབ་སྦྱར་ཞིང༌། ཁོག་དབུབ་དང་རྣམ་ཐར་སྐོར་གྱི་ལུང་ཐུན་མོང་བ་རྣམས་སྔོན་འགྲོའི་སྐབས་དང༌། གཞུང་བཤད་དང་པོད་དམར་སེར་སོགས་ལུང་ཐུན་མིན་