[A:༤༢༢]སྐོར་ཕལ་ཆེར་དངོས་གཞིའི་སྐབས་སུ་མཛད་པའི་ཕྱག་ལེན་རྣམ་དག་འདི་དེང་སང་གི་བར་དུ་དར་བའོ། །གཉིས་པ་ལ་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར་བ། སྨིན་ཟིན་གོམས་པར་བྱེད་པའི་ཐབས་འཁྲིད་སྟོན་པ། སྨིན་གྲོལ་བརྟན་བྱེད་བྱིན་རླབས་ཀྱི་སྐོར། མན་ངག་གི་གནད་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་དང༌། ཡིད་ཆེས་པའི་ཕྱིར་བསྟན་བཅོས་རྡོ་རྗེའི་ཚིག་རྐང་གི་གཞུང་བཤད་དང༌། དེའི་འཕྲོ་གཞིའི་རྒྱུད་ཀྱི་གཙོ་བོ་དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་ཚུལ་བཞིས་འཆད་པ། རྒྱབ་རྟེན་ལུང་གི་སྐོར་ཏེ། ཚོགས་བཤད་ཀྱི་ལུགས་གཞིར་བཞག་པའི་ཁར་མན་ངག་གི་ཟབ་གནད་དང༌། གཞུང་དང༌། རྒྱུད་ཀྱི་བཤད་བཀའ་སོགས་བསྣན་ནས་འཆད་པ་ལ་སློབ་བཤད་ཅེས་གྲགས་ཤིང༌། འཆད་བྱེད་ཚད་མ་བཞི་དང་སྙན་བརྒྱུད་བཞིས་འཆད་པ་ལ། དང་པོ་ནི། ལུང༌། བསྟན་བཅོས། བླ་མ། ཉམས་མྱོང་ཚད་མ་སྟེ། དེ་བཞིས་གསུང་ངག་གི་དབུ་ཞབས་ཐམས་ཅད་འཆད་ཅིང༌། གཉིས་པ་ནི། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་ས་རྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པ་སྟེ། དེ་བཞིས་བྱེ་བྲག་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་གཏན་ལ་འབེབས་པ་སྟེ། རྒྱས་པར་འཆད་ཐབས་སུ་གསལ་ཞིང༌། འདིར་དོན་བསྡུ་བའི་ཚུལ་དུ་འཆད་པ་ལ་གཉིས་ཏེ། སློབ་བཤད་གཙོ་བོ་དང༌། ཚོགས་བཤད་ཞར་བྱུང་དུ་དགོད་པའོ། །དང་པོ་ལ་གཉིས་ཏེ། མེད་ཀ་མེད་ཀྱི་ཡིག་ཚོགས་ཚང་བར་པུསྟ་ཀཿབཅུ་བདུན་དུ་བསྟར་བའི་བརྒྱུད་རིམ་རྒྱས་པར་འཆད་པ་དང༌། དེར་མ་འདུས་པའི་གསུང་འཐོར་བུ་ཉེར་མཁོའི་སྐོར་གཞན་རགས་