[A:༤༩༢]སྐྱེས་བདུད་རྩིའི་ཐིགས་ཕྲན། རྒྱལ་དབང་ལྔ་པའི་གསུང་ལམ་ཟབ་ཕྱི་མའི་ཉམས་ལེན་གནད་སྒྲིལ་འཇུག་བདེ། རྡོར་བྲག་པདྨ་ཕྲིན་ལས་ཀྱི་གསུང་དགེས་མཛད་རྡོ་རྗེའི་ཕྱི་ནང་བསྐྱེད་རིམ་གྱི་དམིགས་གནད་ཟིན་བྲིས་ཤིན་ཏུ་བསྡུས་པའི་བརྗེད་བྱང་སློབ་བཤད་བདུད་རྩིའི་སྙིང་པོ། དོན་གྲུབ་རྡོ་རྗེས་མཛད་པའི་ལམ་ཟབ་ཁྲིད་ཀྱི་ཟིན་བྲིས་སྐལ་བཟང་སྙིང་གི་མུན་སེལ།
འདི་ལ་ལུང་རྒྱུན་ཡོད་མེད་མ་གསལ།
ས་སྐྱོང་བླ་ཆེན་གྱིས་ཚར་ལུགས་གསུང་རྒྱུན་ལྟར་བྲིས་པའི་དཀྱིལ་ཆོག་སྐབས་ཀྱི་ཟུར་རྒྱན། དབང་གོང་མ་གསུམ་གྱི་སྐབས་ཀྱི་ཟུར་རྒྱན། ཤར་ཆོས་རྗེ་མཁས་གྲུབ་ཀུན་དགའ་དཔལ་ལྡན་གྱིས་མཛད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཟབ་ཁྲིད་འཆད་ཐོ་སྨིན་གྲོལ་དངོས་གྲུབ་རབ་འཕེལ་ཞེས་བྱ་བ་བཅས་མཚན་ནས་བརྗོད་པ་དང༌། གཞན་ཡང་ཟབ་གསང་བླ་ན་མེད་པ་འདིའི་ཆོས་སྐོར་དང་ཆ་ལག་ཏུ་གྱུར་པ་སྐྱེས་མཆོག་གོང་མ་མཁས་གྲུབ་གཉིས་ལྡན་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་རྣམས་ཀྱིས་མཛད་པའི་བསྟན་བཅོས་ངོ་མཚར་རྨད་དུ་བྱུང་བ་སྣ་ཚོགས་པ་ཞིག་དབྱར་དུས་པདྨའི་ཚལ་ཆེན་རྒྱས་པ་བཞིན་རེ་རེ་ནས་མཚན་བགྲང་བ་ལས་འདས་པ་ལུང་རྒྱུན་བཞུགས་མིན་ཅི་རིགས་པར་མཆིས་པས་དཔྱོད་ལྡན་དོན་དུ་གཉེར་བ་དག་གིས་འབད་རྩོལ་ཆེན་པོས་བཙལ་ཏེ་གསན་བསམ་དཔྱིས་ཕྱིན་པར་ཅིས་ཀྱང་མཛད་འཚལ་ལོ།། །། ༄༅། །རྩ་བའི་ས་བཅད་གཉིས་པ་ཚོགས་བཤད་ཀྱི་བརྒྱུད་རིམ་ཞར་བྱུང་དུ་དགོད་པ་ལའང་གཉིས། ཚོགས་བཤད་ཀྱི་སྐོར་དངོས་དང༌། དེ་ལས་གཞན་པ་ཉེར་མཁོའི་རིགས་འཕྲོས་དོན་གྱི་ཚུལ་དུ་གླེང་བསླང་བའོ། །དང་པོ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། རིམ་པར་རྒྱལ་