[A:༤༩༤] དེ་ལས་བདག་ཅག་གི་མཁན་པོ་འཕགས་པ་ཉེ་བར་འཁོར་གཉིས་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་གསན་ཏོ།། །།གཉིས་པ་ལ་དབུ་སེམས་ཀྱི་སྲོལ་གཉིས་ཡོད་ཀྱང༌། འདིར་བརྒྱུད་པའི་ཁྱད་པར་གཉིས་ཀ་དང་ལྡན་པའི་སེམས་བསྐྱེད་རྣལ་འབྱོར་དབང་ཕྱུག་དང༌། ནཱ་རོ་ཏ་པ་གཉིས་ཀྱི་ཁྱད་ཆོས་རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་བཀའ་བབས་པའི་ཕྱག་རྒྱུན་དྲི་མེད་ངག་ཆོས་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཡན་གོང་སློབ་བཤད་སྐབས་དང་འདྲ་ཞིང༌། དེ་ཕྱིན་འོག་ནས་འབྱུང་བའི་ཁྲིད་ཀྱི་བརྒྱུད་པ་ལྟར་རོ།། །།གསུམ་པ་ལ་རྒྱུད་སྡེ་ཆེན་པོ་བཞི་བཞུགས་པ་ནས། འདིར་སྐབས་སུ་བབས་པ་བླ་མེད་གཙོ་བོར་གྱུར་པ། དེ་ལས་ཀྱང་ཟབ་གསང་གཉིས་སུ་མེད་པའི་རྒྱུད་དང་མན་ངག་ལས་བྱུང་བ་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར། དེའང་རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས། འོག་མིན་གཉིས་པ་དཔལ་ཨེ་ཝཾ་ཆོས་ལྡན་དུ། ལོ་རེ་རེ་བཞིན་གསུང་ངག་རིན་པོ་ཆེ་གཙོར་མཛད་པའི་སྡོམ་པ་གསུམ་དང༌། ཞར་བྱུང་ཉེར་མཁོའི་དབང་ལུང་ཅི་རིགས་པ་བཅས་ཀྱི་ཆོས་འཁོར་ཆད་མེད་བསྐོར་བའི་སྲོལ་གཏོད་ཀྱི་བཀའ་དྲིན་བསྐྱངས་པ་ནས་བཟུང་ད་ལྟའི་བར་དུ་ཕྱག་རྒྱུན་རྣམ་དག་མ་ནུབ་པར་དར་རྒྱས་སུ་བཞུགས་པ་འདི་བཞིན་ལ། སྐབས་ཐོབ་རྒྱལ་ཚབ་རྣམས་ཐུགས་བསྐྱེད་དང་མཁྱེན་རྒྱ་ཆེ་ཆུང་སོགས་ཀྱིས། གདུལ་བྱའི་སྣོད་དང་འཚམས་ཀྱང་ཆོས་སྒོ་རྒྱས་བསྡུས་ཀྱི་དབྱེ་བསྡུ་སྣ་ཚོགས་པ་ཞིག་ལོས་འབྱུང་བས། མཐའ་གཅིག་ཏུ་ཚད་འདི་ཙམ་མོ་ཞེས་སུས་ཀྱང་ཁ་ཚོན་གཅོད་པར་ག་ལ་ནུས་མོད། འོན་ཀྱང་གསུང་གཞི་ཁྲིད་ཡིག་རྒྱས་བསྡུས་ཀྱི་སྟེང་ནས་དང༌། ལུང་མང་ཉུང་ཙམ་ལས།