[A:༤༩༥] སོ་བྱང་གི་སྡོམ་པ། སྔོན་འགྲོ་དང་དངོས་གཞིའི་ཁྲིད། རྒྱུ་ལམ་གྱི་དབང༌། རྣམ་ཐར་དང་གསོལ་འདེབས། པོད་སེར་སོགས་ཀྱི་ལུང་རྣམས་ནི་ཀུན་གྱིས་ཆད་མེད་གནང་བ་ཡིན་པས། དེའི་ཚུལ་ནི། ཐོག་མར་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་ཞི་ཕྱིར་གསང་བདག་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང༌། མཐུན་རྐྱེན་ཚེ་བསོད་བློ་གྲོས་སོགས་རྒྱས་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང༌། ནད་རིམས་གདོན་བགེགས་སོགས་སེལ་ཕྱིར་རི་ཁྲོད་ལོ་མ་གྱོན་མའི་རྗེས་གནང་དང་གསུམ་གྱིས་ཆོས་སྒོ་ལེགས་པར་ཕྱེས་པའི་བརྒྱུད་པ་ནི། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་ལྟར་སྒྲུབ་ཐབས་ཀུན་བཏུས་ཀྱི་བརྒྱུད་ཡིག་ན་བཞུགས་པ་ལྟར་ལ། ཐར་རྩེ་ཁུ་དབོན་བཞི་མན་ཆོད་རང་རང་གི་ཐོབ་ཡུལ་འདེད་ཤེས་པར་བྱའོ། །སྣང་གསུམ་སྐབས་བླ་མ་ཚད་མར་བྱ་བའི་ཕྱིར་བླ་མའི་རྣམ་ཐར་དང་གསོལ་འདེབས་གཙོ་བོར་གྱུར་པའི་ཆོས་སྤྱོད་སྐོར་གྱི་ལུང་བཅས་གནང་བའི་བརྒྱུད་པ་ནི། བླ་མ་རྒྱ་གར་བ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་ལོ་རྒྱུས་ནས་བཟུང་སྟེ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བར་གྱི་རྣམ་ཐར་རྣམས་ཀྱི་མཚན་གྲངས་སོགས་སྤར་དུ་བཞུགས་པ་ལྟར་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་གསན་པ་ཡན་གོང་སློབ་བཤད་ཀྱི་བརྒྱུད་པ་དང་འདྲ་ཞིང༌། མུས་ཆེན་སེམས་དཔའ་ཆེན་པོ་ནས་མཁན་ཆེན་ཤེས་བྱ་བཟང་པོའི་བར་གྱི་གདན་རབས་རྣམ་ཐར་ནོར་བུའི་ཕྲེང་བ་ནི། མཛད་པ་པོ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ནས་རིམ་པར་བརྒྱུད་དེ། ཞབས་དྲུང་ཀུན་དགའ་ཡེ་ཤེས་དབང་ཕྱུག །བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། དེ་ལས་བྱམས་པ་ཀུན་དགའ་བསྟན་