[A:༥༠༡]དེ་མན་གྱིས་བླ་མ་ཚད་མའི་སྐོར་གཙོས་ཞར་བྱུང་ཉེར་མཁོ་བཅས་པའི་བརྒྱུད་རིམ་སོང་ནས། ད་ནི་ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་སྐོར་ལ། འཆད་པ་པོ་སྡོམ་པ་གསུམ་དང་ལྡན་ཞིང༌། མདོ་རྒྱུད་ཀྱི་དོན་ལ་མཁས་པ། དེ་ཉིད་བཅུའི་ཕ་རོལ་དུ་སོན་པ། མན་ངག་གི་ཉམས་མྱོང་དང༌། གྲུབ་པའི་ཡོན་ཏན་ལྡན་པའི་རྡོ་རྗེ་སློབ་དཔོན་གང་གིས། འཆད་པའི་གཞི་སྣང་གསུམ་སྙིང་པོའི་ལེགས་བཤད། ཁོག་དབུབ་གསང་སྔགས་བསྟན་པའི་པད་ཚལ་བཞད་པ། སློབ་མ་རྗེས་འཛིན། དམ་ཚིག་རྣམ་བཤད་བག་ཡོད་གཏམ་གྱི་བདུད་རྩི། ཕྱི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་མཁས་ལ་ཉེར་མཁོ་སྙིང་པོའི་ལེགས་བཤད། བསྡུས་པ་གསང་ཆེན་བསྟན་པའི་འོད་འཕྲོ། ལུས་དཀྱིལ་རྣམ་བཤད་ཉུང་ངུ་རྣམ་གསལ། རྒྱུད་གསུམ་སྙིང་པོའི་ལེགས་བཤད། བདག་མེད་མའི་བྱིན་རླབས་རྣམས་ངག་ཆོས་ཡིག་ཆ་དང༌། རྒྱུ་དབང་སྒྲུབ་དཀྱིལ། གཏོར་ཆོག །དབང་གི་མཚམས་སྦྱོར་རྣམས་དཀོན་མཆོག་ལྷུན་གྲུབ་ཡིག་ཆ། ལམ་དབང་ཤར་ཆེན་ཀུན་དགའ་བཀྲ་ཤིས་དང་ཞུ་ཆེན་གྱི་ཡིག་ཆ། ལམ་ཟབ་དང་བིར་སྲུང་བྱིན་རླབས་ཐར་པཎ་ཡིག་ཆ་རྣམས་གོ་རིམ་བསྒྲིགས་ཏེ། འཆད་པའི་ཚུལ་ཐོག་མར་རྒྱུ་ཕར་ཕྱིན་གྱི་ཐེག་པའི་ཉམས་ལེན་ཐམས་ཅད་སྣང་བ་གསུམ་དུ་བསྡུ་བའི་ཁྲིད་ཀྱིས་བློ་སྦྱོང༌། རྣམ་ཐར་དང་ཆོས་སྤྱོད་སྐོར་གྱི་ལུང་འབོགས། ཁོག་དབུབ་ཀྱིས་ལོ་རྒྱུས་ལ་ཡིད་ཆེས་བསྐྱེད། དེ་ནས་སྲིད་ཞི་གཉིས་ལ་མི་གནས་པའི་མྱང་འདས་ཐོབ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རིགས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་རྗེས་སུ་འཛིན་ཏེ། ཞལ་དང་འདྲ་བའི་ཆོ་གའི་གཞི་