R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༡༠
[A:༡༠]དཔོན། དྲུང་ཆེན་བདེ་ལེགས་དང༌། མུས་ཀྱི་མཐོང་བ་སྲས་བཙུན་དཔལ་ལྡན་བཟང་མོའི་སྲས་སུ་ཆུ་མོ་ཡོས་ལ་ལྷུམས་སུ་ཞུགས་ནས། ཤིང་ཕོ་འབྲུག་ལ་འཁྲུངས་ཏེ། སེམས་དཔའ་ཆེན་པོ་ཤཱཀྱ་བཟང་གི་སྐུ་འབུམ་དུ་ཆོས་གསན་དུ་ཕེབས་པ་དང་དུས་མཉམ་མོ། །དགུང་ལོ་དྲུག་བདུན་བཞེས་པར་དགེ་བསྙེན་ཀུན་དགའ་གྲུབ་ཅེས་གསོལ། ཁའུ་སྐྱེས་ལྷས་སུ་སློབ་དཔོན་དཔལ་ལྡན་དོན་གྲུབ་ཀྱི་དྲུང་དུ་བསླབ་སྦྱོང་མཛད། དེའི་ཚེ་མགོན་པོ་གདོང་བཞི་བ་བྲག་ལ་ཐིམ་པའི་སྒོ་ཆུང་དམ་འབྱར་བཤིག་ནས་བལྟས་ཀྱང་འཁུ་ལྡོག་ཡེ་མ་བྱུང་གསུང་ངོ༌། །དགུང་ལོ་བཅུ་གཉིས་ཤིང་ཡོས་ལ་བླ་བྲང་ཤར་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཁན་པོ་དང༌། བྱང་ཕུག་ཀུན་ལེགས་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང༌། མཚན་ཀུན་དགའ་དབང་ཕྱུག་ཏུ་གསོལ། བྱང་ཕུག་ཏུ་ཀྱེ་རྡོར་རྒྱུད་གསུམ་ལ་ཐུགས་སྦྱང་མཛད། ཆོས་རྗེ་རྡོ་རྗེ་འཆང་དག་པའི་ཞིང་དུ་མ་ཕེབས་པར་འབྲལ་མེད་དུ་བརྟེན་ནས། གསོལ་ཞོའི་མཛོ་མོ་འཚོ་བ་སོགས་ཕྱི་ནང་གི་ལས་སུ་བྱ་བ་མཐའ་ཡས་པ་ཞིག་ལ་དཀའ་བ་ཆེན་པོ་སྤྱད། དགུང་ལོ་ཉེར་བདུན་ས་རྟ་ལོར་མཁྱེན་རབ་ཀྱི་དབང་ཕྱུག་ཀུན་དགའ་བཟང་པོས་མཁན་པོ། མུས་ཆེན་པས་ལས་སློབ། ཁ་ཆར་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན་པས་གསང་སྟོན། གྲུབ་ཆེན་ནམ་མཁའ་དཔལ་བཟང་པས་གྲིབ་ཚོད་པ་སོགས། དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། སྡོམ་པ་གསུམ་གྱི་བསླབ་བྱ་ལ་གཅེས་སྤྲས་སུ་མཛད། རྡོ་རྗེ་འཆང་ཆེན་པོ་ལས་ཆོས་ཐམས་ཅད་བུམ་པ་གང་འབྱོར་གསན། ཕྱག་ལེན་སོགས་བྱིན་རླབས་ཀྱི་དྲོད་རྟགས་མ་ཡལ་བར་བཞུགས། རྗེ་མུས་ཆེན་འཇམ་དབྱངས་ཤེར་རྒྱམ་པ་དང༌། ཉག་བྲེ་ཡོན་ཏན་འོད་ཟེར་སོགས་ལའང་ཆོས་མང་དུ་གསན། མདོར་ན་ཐོས་བསམ་མཐར་ཕྱིན་ནས། ཀྱེ་རྡོར་ཡབ་ཡུམ་སོགས་བསྙེན་སྒྲུབ་མཐར་ཕྱིན། ཤིང་མོ་བྱ་ལོ་སེམས་དཔའ་ཆེན་པོའི་དྲུང་དུ་ཕེབས་པར་བརྩམས་པའི་ཚེ། རྗེ་བཙུན་རྡོ་རྗེ་འཆང་