R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༡༡
[A:༡༡]ཆེན་པོའི་ཤིང་ཐོག་བིལ་བ་བཟང་པོ་ཞིག་ཕྱག་ཏུ་བསྣམས། བིལ་བ་རྒྱུ་རྐྱེན་འབྲས་བུར་ལྡན་པའི་སོགས་ཀྱིས་བཀྲ་ཤིས་མཛད་པ་བྱུང༌། དེ་ནས་ཨེ་ཝཾ་གྱི་གདན་སར་ཕེབས་ཏེ། ཤིས་བརྗོད་དང་མཐུན་པའི་དོན་མངོན་དུ་གྱུར། ངོར་དང་མངའ་རིས་སོགས་སུ་སྔ་ཕྱིར་ལམ་འབྲས་ཚར་བཅུ་བདུན་རྒྱུད་བཤད་ཉི་ཤུ་རྩ་ལྔ་སོགས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་དང༌། ཟང་ཟིང་གི་དཔལ་འབྱོར་རྒྱས་པ་སོགས་ལུགས་གཉིས་ཀྱི་དཔལ་འབྱོར་བསམ་གྱིས་མི་ཁྱབ། མངའ་རིས་གློ་བོར་ལན་གཉིས་ཕེབས་པའི་རྗེས་མ་བྱམས་པ་གླིང་དུ་ས་ག་ཟླ་བའི་ཉེར་གཅིག་ལ་སྐུ་གཤེགས། སྐུ་གདུང་བཞུགས་པའི་མཆོད་ཁང་ལ་པུ་ཏྲ་སྐུ་གཉེར་གྱི་ཚུལ་དུ་བྱུང་བར་གྲགས། གདུང་རྣམས་ཨེ་ཝཾ་དུ་གདན་དྲངས་ཏེ་གདུང་ཚ་དཔག་མེད་དང༌། རྗེའི་གཟིམས་མལ་སྐུ་འདྲ་གསེར་སྐུ་དང་ཕྱི་རྟེན་སོགས་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས་སོ། །བླ་མ་འདི་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པར་གྲགས་ཤིང༌། རང་གི་སྤྱི་བོའམ་སྙིང་གར་བསྒོམས་པས་བིར་སྲུང་ཚར་རེ་དང་བྱིན་རླབས་མཉམ་གསུངས་སོ། །རྒྱས་པར་རྭ་སྟོན་ཡོན་ཏན་དཔལ་བཟང༌། ཆོས་རྗེ་གློ་བོ་མཁན་ཆེན། ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རྣམ་ཐར་གྱི་ཡི་གེར་ཤེས་པར་བྱའོ།། །།མཁས་གྲུབ་དཔལ་ལྡན་རྡོ་རྗེ་ནི། ས་སྐྱར་ཡབ་དཔལ་འབྱོར་བཟང་པོ་དང༌། ཡུམ་སྐྱེད་པ་དཔལ་གྱི་སྲས་སུ་ལྕགས་ཡོས་ལོར་འཁྲུངས། ས་བཟང་འཕགས་པ་ལ་ཚེ་དབང་ཞུས། བླ་མ་ཉིད་ཀྱི་སྐྱ་མིང་རྡོ་རྗེ་སྲ་བརྟན་ཟེར་གསུངས་ནས་དེར་བཏགས། ལུང་བསྟན་མཛད། དགུང་ལོ་བརྒྱད་པ་ལ་ཐེག་ཆེན་ཆོས་རྗེ་ལས་རབ་ཏུ་བྱུང༌། མཚན་དཔལ་ལྡན་རྡོ་རྗེར་བཏགས། ཤཱཀ་བཟང་དུ་རྡོ་རྗེ་འཆང་ལས་རྡོ་རྗེ་ཕྲེང་བ་ནས་བརྩམས་གདམས་ངག་ཐམས་ཅད་བུམ་པ་གང་འབྱོའི་ཚུལ་དུ་གསན། བཅོ་ལྔ་པར་ས་སྐྱར་གྲྭ་སྐོར་མཛད། བཟང་ལྡན་དགེ་འཕེལ་གྱི་འཆད་ཉན་ཀྱང་མཛད་དགོས་བྱུང་ཀྱང་ཆེན་པོ་ལ་མི་མཉེས་པས་ལོ་