[A:༡༢]གཅིག་ལས་མ་མཛད། རྗེ་འདི་དགུང་ལོ་བཅུ་དགུ་དང་རྗེ་རྡོ་རྗེ་འཆང་ཞེ་བདུན་པ་ཞི་བ་ས་བྱ་ལ་ཨེ་ཝཾ་དུ་ཕེབས། རྗེ་རྒྱལ་མཆོག་པ་ལ་ཚད་མ་སོགས་མང་དུ་གསན། ཆོས་རྗེ་གཞོན་ནུ་སེང་གེ་ལ་གསང་འདུས། བདེ་མཆོག་སྒྲུབ་ཐབས་རྒྱ་མཚོ་སོགས་གསན། ཉི་ལྡེ་བ་གུ་ཤྲཱི་པ་ཆེན་པོ་ལ་ཐེག་ཆེན་ནས་བརྒྱུད་པ་དང༌། བླ་མ་ནམ་མཁའ་དཔལ་བཟང་ནས་བརྒྱུད་པའི་ལམ་འབྲས་སོགས་གསན། ངོར་དུ་རྒྱལ་རྩེ་བའི་བདག་མོ་སྲད་ཁ་དཔེ་མ་དགོན་འདབས་སུ་རབ་བྱུང་མ་ཞུས་པའི་རབ་སྟོན་གྱི་སར་རྗེ་འདིས་སྣར་ཐང་པའི་བཀའ་བཅུ་པ་ལྷུན་གྲུབ་བྱ་བ་རིགས་པས་བཅོམ་པས། རྗེ་རྡོ་རྗེ་འཆང་གིས་ཐུགས་རྩིས་ཤིན་ཏུ་ཆེ་ཞིང་མཁས་གྲགས་ཐམས་ཅད་དུ་ཁྱབ་པར་མཛད་དོ། །དེ་ལྟར་རྗེའི་ཆག་ཕྱིར་བྱེད་སྐབས་བསྙེན་རྫོགས་ཀྱང་མཛད་དོ། །རྗེ་མུས་པ་དང༌། ཁ་ཆར་བ་དང༌། ཆོས་རྗེ་ཤེར་རྒྱམ་ལ་སོགས་ལའང་ཆོས་མང་དུ་གསན། རྗེ་ངོར་པ་གཤེགས་དུས་ཤཱཀ་བཟང་བླ་བྲང་གི་གདན་ས་འདི་ལ་གནང་ནས། ངོར་དང་ས་སྐྱ་རེ་མོས་སུ་བཤད་སྒྲུབ་ཀྱི་ཐུགས་དམ་མཛད། ཉིན་རེ་ཆག་མེད་ཀྱི་རིམ་པ་སུམ་ཅུ་རྩ་གཉིས་ཙམ་རེ་ཡོད། སྤྱན་རས་གཟིགས་མིག་གི་གཟུངས་ལའང་ཐུགས་དམ་མཛད་དེ། དེ་ལྟར་ཐུགས་དམ་ཟབ་མོ་རྣམས་ཀྱི་ཐུན་བར་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བཀའ། རྒྱུད་རྒྱ་གཞུང་མང་པོའི་བཤད་པ། ཁྲིད་བྱིན་རླབས། ལུང་མན་ངག །སྒྲ་དང་སྙན་ངག་གི་ལག་ཁྲིད་སོགས་ཆོས་ཀྱི་སྦྱིན་པ་དང༌། ཟང་ཟིང་མི་འཇིགས་བྱམས་པ་སྟེ། སྦྱིན་པ་རྣམ་བཞི་སོགས་ལ་རྟག་འགྲུས་མཛད། ལ་ལ་ན་རེ་དབང་བསྐུར་ཚེའི་སག་དར་ཡིན་ཟེར་བ་མུན་སྤྲུལ་ཡིན། དེ་འདྲ་གང་ནས་ཀྱང་བཤད་པ་མེད། གངས་རིའི་ཁྲོད་ནས་ས་བཟང་འཕགས་པ་ལས་དབང་བསྐུར་མཛད་པ་མང་བ་མེད་དེ་དགུང་ལོ་བརྒྱད་ཅུ་གྱ་གྲངས་བཞུགས་པ་ཡིན། ངེད་རང་ཡང་བདུན་ཅུ་དོན་བགྲངས་སྡོད་པའི་རྩིས་ཡིན་གསུངས་མདོར་ན་ཆོས་དེ་