R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༡༤
[A:༡༤]བྱ་ལོར་འཁྲུངས། མཚན་མི་ཉག་དཔལ་ལྡན་དུ་བཏགས། ཨེ་ཝཾ་ཆོས་ལྡན་བཏབ་ལོ་དང་རྗེ་འདི་འཁྲུངས་ལོ་གཅིག །དགུང་ལོ་བརྒྱད་པར་མཁན་པོ་བསོད་ནམས་འོད་ཟེར་སློབ་དཔོན་ཀུན་དགའ་འབུམ་ལ་རབ་ཏུ་བྱུང༌། མཚན་བསོད་ནམས་སེང་གེར་བཏགས་སོ། །གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་བའི་དྲུང་དུ་སློབ་གཉེར་མཛད། ཆོས་མང་པོ་གསན་འཇམ་དབྱངས་ཀྱི་བསྙེན་པ་མཛད་དུས་མནལ་ལམ་དུ་རལ་གྲི་ཅིག་ཕྱག་ཏུ་བྱུང་འཕྲལ་ཤུབས་ནས་ཕྱུང་ནམ་མཁར་ཕྱར་བས་དབུས་གཙང་ཁམས་སུ་ཁྱབ་པར་སྣང་བ་བྱུང༌། དེ་དུས་ནས་གོ་རམ་གྱི་མཚན་ཐོགས། འབྲུག་ལོ་ལ་ནཱ་ལེནྡྲར་བྱོན། རོང་སྟོན་དང་མཇལ་ནས་ཆོས་གསན། གསང་ཕུ་དང་འབྲས་ཡུལ་སྐྱེད་ཚལ་དུ་ཆོས་ཐོབ་དང་སློབ་གཉེར་མཛད། དགུང་ལོ་ཉེར་དྲུག་པ་ཁྱི་ལོར་ཨེ་ཝཾ་ཆོས་ལྡན་དུ། རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཁན་པོ། མུས་ཆེན་དང་རྗེ་ཁ་ཆར་བས་ལས་གསང་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དེ་དག་ལས་ཆོས་དཔག་ཏུ་མེད་པ་གསན། དགུང་ལོ་ཞེ་ལྔ་པ་ཆུ་སྦྲུལ་ལ་རྟ་ནག་ཐུབ་བསྟན་རྣམ་རྒྱལ་བཏབ། ཡོས་ལོ་ནས་ལོ་བཞིར་ཨེ་ཝཾ་གྱི་གདན་ས་ཡང་མཛད། རྟ་ལོར་རྗེ་དཀོན་མཆོག་འཕེལ་བ་ཨེ་ཝཾ་གྱི་གདན་སར་བཀོད། ས་སྐྱར་ཆོས་འཁོར་མཛད་ནས། ཚུར་ལམ་བྱ་ལོ་ཧོར་ཟླ་དང་པོའི་ཉེར་གཅིག་ལ་སྔོན་མོ་རྫོང་དུ་སྐུ་གཤེགས་པུར་ཐུབ་བསྟན་དུ་སྤྱན་དྲངས། དེའི་དབྱར་རྗེ་དཀོན་མཆོག་འཕེལ་བ་ཐུབ་བསྟན་དུ་བྱོན་ནས། རྟེན་བཞེངས་དང་སྐུ་གདུང་ཞུགས་འབུལ་སོགས་དགོངས་རྫོགས་མཛད་དེ། དེ་ལྟ་བུའི་ཀུན་མཁྱེན་གོ་རམ་པ་འདི་རྗེ་བཙུན་གྲགས་པའི་སྤྲུལ་པར་གྲགས། ས་སྐྱ་པའི་བསྟན་པའི་གནད་ལ་ཤིན་ཏུ་བཀའ་དྲིན་ཆེའོ། །རྒྱས་པར་ཀོང་སྟོན། ཡིག་མཁན་གཞོན་ནུ། རི་ཁྲོད་པ་ཀུན་དགའ་མཆོག་ལྡན། གློ་བོ་མཁན་ཆེན་སོགས་ཀྱིས་མཛད་པའི་རྣམ་ཐར་གྱི་ཡི་གེར་ཤེས་པར་བྱའོ།། །།རྗེ་རིན་པོ་ཆེ་དཀོན་མཆོག་