[A:༡༥]འཕེལ་བ་ནི། ཡབ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རུས་དབོན། དབོན་ནེ་བཀྲ་ཤིས་ལེགས་པ་དང༌། ཡུམ་བུ་འདྲེན་སྐྱིད་ཀྱི་སྲས་སུ་ཤིང་མོ་གླང་ལ་ས་སྐྱའི་གུ་རར་འཁྲུངས། དགུང་ལོ་བདུན་པར་རྡོ་རྗེ་འཆང་དང་མཇལ། དགེ་བསྙེན་ཞུས་ཏེ་ཨ་རིན་འཕེལ་དུ་བཏགས། ཚེ་དཔག་མེད་ཀྱི་དབང་སོགས་གསན། ལུང་བསྟན་གནང༌། སྐུ་ན་ཆུང་ངུ་ནས་ངོར་དུ་བྱོན་ཏེ། ཁུ་བོ་ཆོས་རྗེ་ཀུན་དགའ་དབང་ཕྱུག་པའི་ཞབས་པད་བརྟེན་རྗེ་སེམས་དཔའ་ཆེན་པོ་དང༌། འཇམ་དབྱངས་ཤེར་རྒྱམ་སོགས་མཁན་སློབ་ལས་རབ་ཏུ་བྱུང༌། མཚན་གསོལ་དུས་འཕེལ་ལ་བཅས་བཅོས་མི་བྱེད། དཀོན་མཆོག་ལྷག་པར་ཐོགས་གསུང་བྱི་ལོ་དགུང་ལོ་སོ་དྲུག་པར་མཁན་པོ་མཁས་གྲུབ་དཔལ་ལྡན་རྡོ་རྗེ། ལས་སློབ་ཀུན་མཁྱེན་བསོད་ནམས་སེང་གེ །གསང་སྟོན་སློབ་དཔོན་བསོད་ནམས་དབང་ཕྱུག །དུས་བསྒོ་བ་སངས་རྒྱས་དཔལ་གྲུབ་སོགས་ལས་བསྙེན་པར་རྫོགས། བླ་མ་དེ་རྣམས་ལས་གསན་པ་རྒྱ་མཚོའི་མཐར་སོན། བསམ་པ་དང་བསྒོམ་པ་མཐར་ཕྱིན་ཆོས་རྗེ་ཀུན་དགའ་དབང་ཕྱུག་པའི་ཆག་ཕྱིར་གློ་བོར་བྱོན་ནས་རྟ་ལོར་རྡོ་རྗེ་འཆང་གི་བཞུགས་ཁྲིར་མངའ་གསོལ་ཏེ་ལོ་ཉེར་བརྒྱད་ཕྲིན་ལས་བསྐྱངས། རྗེ་ཀུན་དགའ་དབང་ཕྱུག་སོགས་ཀྱིས་ས་སྐྱ་པའི་བསྟན་པ་དཀར་འབྱམས་སུ་གཏང་བའི་ལུང་བསྟན་ཡོད་པ་ལྟར་བསྟན་པ་ལ་དར་རྒྱས་ཤིན་ཏུ་ཆེ་བར་བྱུང༌། བྱ་ལོ་ཧོར་ཟླ་དང་པོའི་ཚེས་བཅུ་བཞི་ལ་མུས་ཆེན་སངས་རྒྱས་རིན་ཆེན་ངོར་གྱི་གདན་སར་བསྐོས། རྗེ་ཉིད་ཐར་རྩེར་སྐུ་མཚམས་ལ་བཞུགས། ཁྱི་ལོ་ཧོར་ཟླ་དང་པོའི་ཚེས་བཅུ་གཅིག་ལ་ཐར་རྩེར་སྐུ་གཤེགས། བདེ་བ་ཅན་དུ་བྱོན་པའི་གཏན་ཚིགས་ངེས་པ་ཅན་དུ་མ་ཡོད་དགོངས་རྫོགས་ཀྱང་ཁྱད་པར་གྲུབ། པུར་བཞུ་སོགས་གདན་ས་པས་མཛད། རྒྱས་པར་སངས་རྒྱས་རིན་ཆེན་དང༌། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།རྗེ་མུས་པ་སངས་རྒྱས་རིན་ཆེན་ནི།