R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༡༦
[A:༡༦] རྟ་ལོ་གླིང་སྐྱར་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་སྐུ་དབོན་དཀོན་མཆོག་ལེགས་དང༌། ཡུམ་ཆེན་ཆོས་སྐྱོང་རྒྱལ་མོའི་སྲས་སུ་དཔལ་གདོང་ཞེས་པ་ཆུ་མོ་བྱ་ལོར་འཁྲུངས། དགུང་ལོ་བཅུ་གཅིག་པར་སེམས་དཔའ་ཆེན་པོར་རབ་ཏུ་བྱུང༌། ཉེར་བརྒྱད་པར་ལྕགས་རྟར་གྲུབ་ཆེན་དཀོན་མཆོག་བློ་གྲོས་པས་མཁན་པོ། སློབ་དཔོན་བླ་མ་དཔལ་ལྡན་རྒྱལ་པོ་སོགས་ལས་བསྙེན་པར་རྫོགས། དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་བརྙེས། མུས་ཀྱི་དགོན་པ་གོང་འོག་རྣམས་དང༌། ངོར་ནཱ་ལེནྡྲ། ལོ་དགོན་པ་སོགས་དབུས་གཙང་གི་ས་རིགས་ཀྱི་དགོན་པ་མང་པོར་ཕྲིན་ལས་བསྐྱངས། སྔ་ཕྱིར་ལམ་འབྲས་ཚར་ལྔ་བཅུ་ང་གཅིག་སོགས་དམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར། དགུང་ལོ་བདུན་ཅུ་དོན་གཉིས་པ་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུའི་ལོ། ཁྲུམས་ཀྱི་ཟླ་བའི་ཚེས་བཅུ་ལ་གླིང་ཁ་བདེ་བ་ཅན་དུ་སྐུ་གཤེགས། དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས། སྐུ་གདུང་ཞུགས་འབུལ་སོགས་ཀྱང་ས་ལོ་ཐམས་ཅད་མཁྱེན་པས་མཛད་དོ། །རྒྱས་པར་ས་ལོ་ཙཱ་བ་དང༌། གཞུང་བརྒྱ་པ་དངོས་གྲུབ་དཔལ་འབར་སོགས་ཀྱིས་མཛད་པར་བལྟའོ།། །།རྗེ་ལྷ་མཆོག་སེང་གེ་ནི། འཁྲུངས་ཡུལ་ས་སྐྱ། རིགས་རུས་རྗེ་བཙུན་ཀུན་དགའ་བཟང་པོའི་དབོན་རིགས་དཔོན་ནེ་ཀུན་དགའ་རྒྱལ་མཚན་ཞེས་པ་ཡབ་ཡིན་ལ། ཡུམ་ནི་གུ་ཤྲཱི་ནམ་མཁའ་བཟང་པོའི་དབོན་མོ་དགེ་བསྙེན་མ་དཀོན་མཆོག་འབུམ་གྱི་སྲས་སུ་ས་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་གདན་སར་ཕེབས་པ་ལ། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང༌། དེའི་ཚེ་བྱ་གསུམ་ལས་རྗེ་འདི་ལ་ལྷ་མཆོག་སེང་གེ །གཞན་གཉིས་ལ་མི་མཆོག་སེང་གེ་དང༌། ཀླུ་མཆོག་སེང་གེར་བཏགས་སོ། །རབ་ཏུ་བྱུང་ནས་བླ་བྲང་ཤར་དུ་མ་བཞུགས་པར་