[A:༢༠]ལ་བརྟེན། སྐུ་ཁམས་ལོག །དེ་ལོ་ལམ་འབྲས་འཕྲོ་ཅན་དུ་ལུས་པ་བྱུང་ཞིང༌། ཕྱིས་ཐར་རྩེར་སྐུ་མཚམས་ལ་བཞུགས། དེ་དུས་ཁམས་ནས་འབུལ་སྡུད་བ་བླ་མ་གཉན་ལོ་གྲགས་པ་བློ་གྲོས་པ་མཁན་པོ་མཛད་འདོད་བཅས་སྟག་གྲུ་ཁར་ཕེབས་དུས་ཨེ་ཝཾ་པ་གཞིར་འཁོད་རྣམས་ཀྱིས་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་མཁན་པོར་མངའ་གསོལ། དེ་དུས་གཉན་ལོས་རྗེ་གདན་ས་པ་ལ་བཀུར་བཟོས་མི་བྱེད་པ་སོགས་ཐུགས་གཡས་ཆུང་འགའ་རེ་མཛད་སྣང༌། རྗེ་ཉིད་སྐུ་མཚམས་དམ་མུ་ནས་དག་སྣང་ལ་འབྱམས་ཞིང༌། ངས་གནས་སྐབས་ཐམས་ཅད་དུ་རྗེ་བཙུན་གྲགས་པ་ལ་གུས་ཞེན་བྱས་རུང༌། ད་ལྟ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་ཐུགས་རྗེས་བཟུང་ཞེས་གསུང་བ་སོགས་མཐའ་ཡས་སོ། །འཇམ་དབྱངས་ཤེས་རབ་རྒྱམ་པ་ལ་དུས་ཇ་མེད་པས་དེའི་དུས་ཆེན་ལ་གཤེགས་པའི་རྒྱུ་མཚན་ཞིབ་ཏུ་གསུངས་ནས། ཤིང་མོ་ལུག་ལོ་ས་ག་ཟླ་བའི་ཚེས་གསུམ་ལ་གཤེགས་སོ། །དགོངས་རྫོགས་ཀྱང་དངུལ་གདུང་དང༌། སྐུ་འདྲ་སོགས་བསམ་གྱིས་མི་ཁྱབ་པ་གྲུབ་བོ། །རྣམ་ཐར་ཐུན་མོང་མ་ཡིན་པ་རྣམས་གསུང་རྒྱུན་ལས་ཡི་གེ་མེད་ལ། ཐུན་མོང་བ་རྣམས་རྒྱས་པར་ཤེས་པར་འདོད་ན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང༌། རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་གིས་མཛད་པར་བལྟའོ།། །།ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ནི། དཔལ་ས་སྐྱའི་གཉན་བླ་བྲང་དུ་ཕ་མ་ཅིག་སྲིད་རྒྱལ་སོགས་བོན་སྲུངས་བྲན་དུ་འཁོར་བའི་གྲུབ་ཐོབ་ཀུན་འགྲུབ་དར་དང༌། ཡུམ་ཡོངས་འཛིན་དཀོན་མཆོག་འཕེལ་བའི་དབོན་མོ་ལྷ་མོ་བུ་འདྲེན་གྱི་སྲས་སུ་མེ་སྦྲུལ་ལོ་རྒྱལ་ཕུར་འཛོམ་པའི་ཚེས་ལ་སྐུ་འཁྲུངས། མཚན་ལྷ་རྒོད་དར་དུ་གསོལ། གཞོན་ནུ་ནས་འབྲི་ཀློག་སོགས་ཡོན་ཏན་མང་པོར་དབང་འབྱོར། དགུང་ལོ་བཅུ་གསུམ་པར་ངོར་དུ་རྗེ་དཀོན་མཆོག་འཕེལ་བ་དང༌། གློ་བོ་མཁན་ཆེན་སོགས་མཁན་སློབ་དགེ་