[A:༢༡]འདུན་དང་བཅས་པ་ལས་རབ་ཏུ་བྱུང༌། མཚན་དཀོན་མཆོག་ལྷུན་གྲུབ་ཏུ་གསོལ། དགུང་ལོ་ཉི་ཤུ་པར་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཁན་པོ་དང༌། རྗེ་བྱ་བཏང་བ་དང༌། རྗེ་ལྷ་མཆོག་སེང་གེ་དང༌། ཆོས་ལུང་པ་ཕྲིན་ལས་དབང་ཕྱུག་སོགས་ཀྱིས་ལས་གསང་སོགས་མཛད་དེ་བསྙེན་པར་རྫོགས། གོང་སྨོས་ཀྱི་བླ་མ་དེ་དག་དང༌། ས་ལོ་འཇམ་དབྱངས་ནམ་མཁའ་བརྟན་པ། མུས་ཆེན་ནམ་མཁའ་དཔལ་བཟང་སོགས་ལས་དམ་པའི་ཆོས་ཀྱི་གསན་རྒྱ་མཐར་ཕྱིན་རྗེ་སངས་རྒྱས་རིན་ཆེན་གྱིས་བདག་རྐྱེན་མཛད་ནས་མུས་སུ་བདེ་ཀྱེ་སོགས་ཀྱི་བསྙེན་པ་མཛད་ཉེར་ལྔ་ནས་ངོར་གྱི་ཟུར་འཆད་སོ་བདུན་ཚེ་བླ་བྲང་དུ་བཞུགས། སོ་བརྒྱད་ལ་ཁྲིར་འཁོད། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་རྣམ་པར་དཀར་བའི་ཕྲིན་ལས་ཀུན་ལ་གསལ་ཞིང༌། བཀའ་འབུམ་དུ་བལྟས་པས་ངོ་མཚར་ཤིན་ཏུ་ཆེའོ། །དེའི་ཚེ་གདན་ས་ཡས་མན། ཉང་རོང་མུས། དབུས་ནཱ་ལེནྡྲ་སོགས་ཡུལ་གྲུ་ཐ་དད་དུ་ཆོས་ཀྱི་འཁོར་ལོ་བསྐོར། ས་སྐྱ་འཁོན་གྱི་གདུང་རྣམས་དང༌། རིན་སྤུངས་ལ་སོགས་དཔོན་རིས་རྣམས་དང༌། མདོར་ན་སྟོད་མངའ་རིས། སྨད་མདོ་ཁམས། བར་དབུས་གཙང་ཐམས་ཅད་དུ་རྗེ་འདིའི་སློབ་མའི་ཚོགས་ཀྱིས་ཁྱབ་བོ། །གདན་ས་ལ་ལོ་ཉེར་བཞི་མཛད། ལམ་འབྲས་ཚར་སུམ་ཅུ་རྩ་གསུམ་སོགས་ཕྲིན་ལས་བསམ་གྱིས་མི་ཁྱབ། རེ་གཅིག་ས་སྦྲུལ་ཧོར་ཟླ་དགུ་པའི་ཉེར་གཅིག་ལ་སྐུ་གཤེགས་སོ། །རྒྱས་པར་དཀོན་མཆོག་དཔལ་ལྡན་པ་སོགས་ཀྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།ངོར་ཆེན་སངས་རྒྱས་སེང་གེ་ནི། དཔལ་ལྡན་ས་སྐྱའི་གུུ་ར་བདེ་ལྡན་དུ། ཡབ་རྗེ་ཀུན་དགའ་བཟང་པོའི་དབོན་རྒྱུད། དཔོན་ནེ་ཚེ་དབང་དཔལ་འབྱོར་དང༌། ཡུམ་གཡུང་དྲུང་སྲས་འཛོམས་གྱི་སྲས་སུ། མིག་དམར་ཞེས་པ་བྱི་བའི་ལོ་ལ་འཁྲུངས། མཚན་ལྷ་མོ་ཚེ་རིངས་ཞེས་གསོལ། དགུང་ལོ་བརྒྱད་པར་རྗེ་ཡོངས་འཛིན་ས་སྐྱ་བླ་བྲང་ཤར་དུ་