[A:༢༦]མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ་སྔགས་འཆང་ཆེན་པོ་ཤེར་འོད་བྱང་སེམས་དཀོན་རྒྱལ་སྤྱན་སྔ་དཀོན་མཆོག་རྒྱ་མཚོ་སོགས་ལས་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་ནས། སྒྲུབ་པ་ལ་བརྩོན། དགུང་ལོ་སུམ་ཅུ་སོ་གྲངས་ནས་ཨེ་ཝཾ་གཙོ་བོར་གྱུར་གནས་རྣམས་སུ་འཆད་ཉན་མཛད། ཨེ་ཝཾ་གཟིམས་ཁང་ཕྲུག་གུར་བཞུགས། ས་མོ་སྦྲུལ་ལོ་ས་ག་ཟླ་བའི་ཉེར་བདུན་ལ་རྗེ་སངས་རྒྱས་སེང་གེ་སྐུ་གཤེགས་ནས། ཤར་ཁང་པ་ཆོས་རྗེ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་གསོལ་བཏབ་དགུང་ལོ་བཞི་བཅུ་རྩ་བཞི་པ་དཀར་པོ་ཞེས་པ་ས་མོ་སྦྲུལ་དེ་ཉིད་ཀྱི་སྣྲོན་ཟླ་བའི་ཚེས་གསུམ་ལ་ཨེ་ཝཾ་གྱི་མཁན་པོར་བསྐོས་ཐོག་ལོ་དེའི་དབྱར་ཆོས་སྟོན་ཆོས་སོགས་གནང་ནས་མདོ་མཁར་དུ་རྗེ་དཀོན་མཆོག་རྒྱ་མཚོ་སྤྱན་དྲངས་ནས་གསུང་ངག་སོགས་གསན། དེ་ནས་ཨེ་ཝཾ་དུ་གཙོ་བོར་བཞུགས་ཤིང༌། གཅེན་ལུང་རྫོང་དཀར་དཔོན་ཀུན་དགའ་བཟང་པོས་སྤྱན་དྲངས་ནས་འབྲིང་མཚམས། གཟར་སོགས་ཀྱི་ཆོས་སྡེ་མི་སྡེ་ཐམས་ཅད་ཀྱིས་གུས་པས་མཆོད། སྐྱེད་ཚལ་གང་མཁན་པོ་འབོལ་སྟོན་ངག་དབང་གྲགས་པས་སྤྱན་དྲངས་ནས་གསུང་ངག་སོགས་བྱམས་ཆེན་རབ་འབྱམས་པའི་ཁྲིའི་སྟེང་ནས་སོ། །ས་ཡོས་ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་བྲང་ཏི་ནས་ངོར་མཁན་པོར་བསྐོས། འབྲུག་སྦྲུལ་རྟ་གསུམ་ངོར་པ་ལ་སྲི་ངན་གསུངས་ནས་གཟིམས་ཁང་ཕྲུག་གུར་བྱང་པ་བཀྲ་ཤིས་སྟོབས་རྒྱལ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ་བཅས་བྱོན་ནས་ཆོས་རྗེ་ཤར་པ་དང་བྱང་པ་བདག་པོ་གཉིས་སྤྱན་སྔ་རྗེ་མཁན་པོ། འདྲེན་མཆོག་འདི་ལས་སློབ། བྲང་ཏི་པས་གསང་སྟོན་སོགས་མཛད་ནས་བསྙེན་པར་རྫོགས་རྩེ་གདོང་གདུང་རྒྱུད་རིན་པོ་ཆེ་དང་འཇམ་དབྱངས་བསོད་ནམས་དབང་པོ་སོགས་བྱོན་ནས་འདོད་ཆོས་མཇལ་འཕྲད་སོགས་ལུགས་ཟུང་རྒྱ་ཆེན་པོ་མཛད། དེ་ནས་སྟོད་ཕྱོགས་ས་སྐྱ་སོགས་སུ་བྱོན་ནས། རྩེ་གདོང་དུ་ལོ་གསུམ་གནང༌། ལུག་ལ་ཨེ་ཝཾ་གྱི་ཁུར་མཛད་དགོས་བྱུང༌། སྤྲེའུ་ལོར་ཤན་ཆེན་