[A:༢༧]ཁམས་སུ་འབུལ་སྡུད་ལ་འབྱོན་པའི་བརྟག་པ་ཚུད་ནས་གནང༌། ཐུབ་བསྟན་ཡངས་ཅན་དུ་སྤྱན་སྔ་མཇལ་བར་བྱོན། རྗེ་འདི་མུས་རབ་འབྱམས་པའི་ཆོས་ཁྲིའི་སྟེང་ནས་བཀའ་ཆོས་གནང༌། ཡང་ཆབ་ཚན་ཞོར་ཐུབ་བསྟན་མཁན་ཆེན་ཆོས་འོད་ཟེར་བས་སྤྱན་དྲངས་ནས། ཀུན་མཁྱེན་གོ་རམ་པའི་བཞུགས་ཁྲིའི་སྟེང་ནས་ཀྱང་ཆོས་གནང༌། གདན་སར་བྱོན་ནས་ངག་དབང་བསོད་ནམས་དབང་པོ་སོགས་གདན་ས་འོག་གི་ཞལ་ངོ་ཐམས་ཅད་ག་ར་མཎྜལ་སྒོང་དུ་མཇལ་འཕྲད་མཛད། དེ་ནུབ་བཀྲ་ཤིས་མཐོང་སྨོན་དུ་བཞུགས། གདན་སའི་ཆོས་སྡེ་ལྷོ་བྱང་ཕྲེང་གིས་བསུས་ཏེ་རྩེ་གདོང་གདུང་རྒྱུད་ཆེ་འདོན་མཛད། རྣམ་གཞག་ཐུབ་དགོངས་གསུངས། ཕག་ལོ་ལ་བྱམས་པ་བསོད་ནམས་དབང་པོ་ངོར་དུ་བྱོན་ནས་རྡོ་ཕྲེང་སོགས་ཀྱི་བཀའ་ཆོས་དཔག་མེད་ཕུལ། ས་སྐྱ་པས་ཀྱང་ངོར་པ་ཚོགས་ཆེན་ལ་ཕུར་པ་དང༌། དྲག་པོ་སྒྲོལ་དབང་སོགས་གནང་ངོ༌། །ཞ་ལུར་བྱོན་ནས་རི་མཐིལ་དུ་བཀའ་ཆོས་སོགས་བསྟན་པའི་བྱ་བ་མཛད། འཆད་རྩོད་ཀྱི་ཡོན་ཏན་མངོན་གསལ་དུ་གྱུར། རྩོམ་པའི་ཕྲེང་བ་དཀར་ཆག་ཏུ་བལྟ། རེ་ལྔ་པ་སྟག་གི་བར་དུ་བཞུགས། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་གཉིས་ཀྱི་སྲོད་ཆར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་སོགས་བྲང་ཏི་པས་མཛད་དོ། །རྒྱས་པར་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།ཐར་རྩེ་ནས་བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་ནི། བསྟན་པ་སྔ་དར་གྱི་དུས་ནས་སྨན་དཔྱད་ལ་མཁས་པ་མི་དགུའི་ནང་ཚན། བྲང་ཏིའི་བརྒྱུད་དེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་བཟུང༌། བོད་ཆོས་རྒྱལ་རྣམས་བླ་སྨན། བྲང་ཏི་རྒྱལ་བསྙེན་ཁར་ཕུག་དང༌། བྲང་ཏི་སྲས་པོ་དང༌། ཛ་ཡ་རཀྵི་ཏ་སོགས་དབུས་ལྗང་རབ་བརྟན་རྩེ་སོགས་སུ་བྱུང༌། རྒྱལ་པོས་ཀྱང་ལ་ཐོད་ཕུད་པ་སོགས་ཀྱིས་བཀུར་སྟི་མཛད། གདུང་རབས་བཅུ་གཅིག་ཙམ་དབུས། གསུམ་བཞི་ཙམ་ཉང་སྟོད་སྨད་སྨོན་གྲོ་སོགས་སུ་བྱུང༌། གང་ལྟར་དཔལ་ལྡན་འཚོ་བྱེད་ཀུན་དགའ་བཟང་པོ་སོགས་ནས་རྗེ་