R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༢༩
[A:༢༩]གྱིས། བསྟན་པ་དང་སེམས་ཅན་ལ་ཕན་པ་སྲིད་གསུངས། དེ་ནས་དགུང་ལོ་བཅུ་དྲུག་པར་མངོན་རྟོགས་རྒྱན་འགྲེལ་པ་དོན་གསལ་དང་བཅས་པ། བརྟག་གཉིས་གུར་སོགས་གཞུང་དུ་མ། ཀུན་རིག་སོགས་ཀྱི་ཆོ་ག་འགའ་ལ་སློབ་གཉེར་མཛད། རྗེའི་ཡབ་ལ་འབྲས་ཡུལ་སྐྱེད་ཚལ་མཁན་པོ་གུང་པ་ཆོས་རྗེ་བྱམས་པ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་སྐྱེད་ཚལ་དུ་སློབ་གཉེར་ལ་གཏང་དགོས་གསུངས་པ་དང༌། དེ་སྐབས་ངོར་ཆེན་དཀོན་མཆོག་དཔལ་ལྡན་གདན་སར་བསྟན་པའི་རྣམ་གཞག་ལ་ཕེབས་དུས། སྐྱེད་ཚལ་དུ་བྱོན་ན་ཐབ་ཆ་སོགས་འོང་གསུངས། རྗེ་རང་ཐུབ་བསྟན་རྣམ་རྒྱལ་ལ་ཕེབས་འདོད་ཡོད་པས། ཡབ་ཐེ་ཚོམ་དུ་གྱུར་ཚེ་ལོ་ཆེན་རཏྣ་བྷ་དྲས་ཆོས་མཛད་འདི་མཚན་ཉིད་གྲྭ་སར་བཏང་ཀྱང་དཀའ་ལས་ཆེ་ལ་ངོ་མཚར་ཆུང་བ་ཞིག་ལས་མི་འོང༌། དེ་བས་ངོར་དུ་བཏང་ན་འཕྲལ་ཕུགས་སུ་ལེགས་ཆ་ཆེ་གསུངས་ནས། རྡོ་རྗེ་འཆང་གི་དབོན་བརྒྱུད་རྗེ་སངས་རྒྱས་སེང་གེའི་དྲུང་དུ་སྦྱོར་གཏོང་ཞུས་ནས། དགུང་ལོ་བཅུ་དྲུག་པ་དབྱུག་ཟླའི་དུས་ཚེས་བཟང་པོ་ལ་ཡབ་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་བསྐྱལ། དགུང་ལོ་བཅུ་བདུན་པ་ནག་ཟླའི་དུས་ཚེས་བཟང་པོ་ལ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཁན་པོ་རྗེ་སངས་རྒྱས་སེང་གེས་སློབ་དཔོན་གྲིབ་ཚོད་པ་ཤེས་རབ་རྒྱལ་མཚན་སོགས་ལ་རབ་བྱུང་མཛད། སླར་ཉེར་བཞི་པ་ལ་རྗེ་སངས་རྒྱས་སེང་གེས་མཁན་པོ། རྗེ་ཤར་ཁང་པས་ལས་སློབ། དཀོན་མཆོག་དཔལ་ལྡན་པས་གསང་སྟོན། གྲིབ་ཚོད་པ་དཀོན་མཆོག་རིན་ཆེན་སོགས་ལས་བསྙེན་པར་རྫོགས་པར་མཛད། མཁན་པོ་དེ་རྣམས་དང་སྔགས་འཆང་ངག་དབང་ཀུན་རིན། གཉན་ཆེན་གྲགས་པ་བློ་གྲོས། ཆོས་རྗེ་བློ་གྲོས་གྲགས་པ་མངའ་རིས་པ་བློ་གྲོས་བཟང་པོ། །བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ཚར་ཆེན་རྣམས་ལ་གསན་རྒྱ་དང༌། ཡབ་ལ་ཡང་སྨན་གྱི་རྒྱུད་བཞི་སོགས་གསན། མདོར་ན་དགེ་བའི་བཤེས་གཉེན་མང་པོ་ལས་དབང༌། རྗེས་གནང༌། ལུང་མན་ངག་