R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༣༤
[A:༣༤]ཤར་ནས་ཞབས་སྐྱིལ་ཀྲུང་ཕྱག་གཉིས་རྡོ་རྗེ་ཁུར་ཚུར་བརླ་སྟེང་དུ་བཞག །སྐུ་དྲང་པོར་བསྲང་སྟེ། གཡོ་འགུལ་མེད་པར་བཞུགས་སོ། །ཚེས་བཅུ་བཞིའི་ནམ་གསལ་དག་པ་ལ་འདའ་ཁ་མ་གསལ་བཏབ་སྟེ་གཤེགས་སོ། །ཟླ་བ་ཕྱེད་ལྷག་པར་ཞལ་མདངས་ཇེ་གསལ་བྱུང༌། དེ་ནས་འགྱུར་གདན་ས་པ་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་སྐུ་གདུང་ཆས་འཇུག་ཕུལ་ནས། དཔོན་སློབ་རྣམས་ཀྱིས་ཞག་བདུན་སྔ་དྲོ་ཀྱེ་རྡོར་སྒྲུབ་མཆོད་ཕྱི་དྲོ་བླ་མཆོད་ཕུལ། དེ་ནས་གདན་ས་པས་གཙོ་མཛད་དགེ་འདུན་དགུ་བརྒྱ་ཙམ་གྱིས་ཞག་བཅུ་ངོར་ལུགས་ལྔའི་དཀྱིལ་འཁོར་རྡུལ་ཚོན་ལས་བསྒྲུབས། གཞན་ཡང་ལོ་དུ་མར་འདི་བཞིན་སྒྲུབས་དགུང་ཞག་རིང་རྩེ་གདོང་བདག་ཆེན་དཔོན་སློབ་རྣམས་ཀྱིས་སྒྲུབ་མཆོད་དང༌། བླ་མཆོད་མཛད་ཟླ་བ་བཅུ་གཉིས་པའི་ཉེར་བདུན་ཐོ་རངས་འཇམ་དབྱངས་རྩེ་གདོང་པ་དཔོན་སློབ་རྣམས་ཀྱིས་སྐུ་གདུང་ཞུགས་འབུལ་མཛད། ལམ་འབྲས་དང༌། ལམ་ཟབ་ཀྱི་ཁ་སྐོང༌། སྐུ་རྟེན་དུས་ཐང་གསུང་རྟེན་བཀའ་འབུམ་པུསྟི་གསུམ། ཐུགས་རྟེན་གསེར་དངུལ་ར་མ་ལུག་གི་རྣམ་རྒྱལ་མཆོད་རྟེན་སོགས་དགོངས་རྫོགས་ལེགས་པར་གྲུབ་ཅིང་ཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །རྒྱས་པར་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པ་དང༌། དྲུང་ཆེན་བསོད་ནམས་ཤེས་རབ་ཀྱིས་མཛད་པའི་རྣམ་ཐར་དུ་བལྟའོ།། །།ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་བ་ནི། ས་སྐྱའི་ཤར་ལོགས་སུ་གུ་ར་བླ་བྲང་དུ་ཡབ་བདག་པོ་ཀུན་དགའ་ཡེ་ཤེས་དང༌། ཡུམ་དབང་ལྡན་མའི་ལྕམ་མོ། དབང་ལྡན་རྒྱལ་མོའི་སྲས་སུ་ས་ཕོ་རྟའི་ལོ་ལ་བྱོན། ཡབ་ཀྱི་མཚན་ཀུན་དགའ་དཔལ་འབྱོར་དུ་གསོལ། དགུང་ལོ་བདུན་བརྒྱད་ཙམ་ནས་དགེ་སློང་གཡུ་ཐོག་པ་ཞེས་བྱ་བ་ལས་འདྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་དགུ་བཅུའི་དུས་རྩ་རྒྱུད་བརྟག་གཉིས་ཚུལ་ལྗོན་སོགས་ཐུགས་ལ་སྦྱང་བར་བཟུང༌། དགུང་ལོ་བཅུ་གཅིག་པ་ས་ཕོ་འབྲུག་གི་ལོར་ཨེ་ཝཾ་དུ་ཕེབས། བླ་བྲང་དུ་བཞུགས། དཔལ་ཀྱེ་རྡོ་རྗེའི་སྒྲུབ་དཀྱིལ་སོགས་ཐུགས་སྦྱང་