[A:༤༡]ཆོས་གྲགས། ཤེའུ་ལོ་ཙཱར་གྲགས་པས་དོ་དམ་མཛད་ནཱ་ལེནྡྲའི་མཁན་པོར་མངའ་གསོལ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་འདས་མ་ཐག་ངོར་གྱི་གདན་སར་མངའ་གསོལ། ངོར་དུ་ལམ་འབྲས་ཚར་བཞི་ཙམ་གནང༌། ས་ལོའི་རྗེས་ནས་རྩེ་གདོང་དུ་རྗེ་འདི་པ་ཁོ་ན་ཕྲིན་ལས་ཆེ། བླ་མ་གོང་སྨོས་ཀྱི་མཁན་སློབ་དེ་དག་དང༌། ཐུབ་བསྟན་མཁན་ཆེན་རྗེ་བྱམས་པ་ཀུན་དགའ་རབ་བརྟན་སོགས་བསྟེན། ཐར་རྩེ་པཎ་ཆེན་གྱི་མཁན་པོ་དང༌། བྱམས་པ་རབ་བརྟན་པས་སློབ་དཔོན་མཛད་དེ། དགེ་འདུན་གྲངས་ཚང་བ་ལ་བསྙེན་པར་རྫོགས། དགུང་ལོ་དོན་གཉིས་པ་ལ་གཤེགས། དུས་མཆོད་ཚེས་བཅུ་ལ་འཛིན། རྒྱས་པར་རྗེ་ངག་དབང་བརྟན་པའི་རྡོ་རྗེས་འཛད་པའི་རྣམ་ཐར་དུ་བལྟའོ།། །།སྒྲུབ་ཁང་ནས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ནི། གཅན་ལུང་མཁས་སྔར་རིགས་ས་སྐྱའི་དབོན་ཆེན་འོད་ཟེར་སེང་གེའི་བརྒྱུད་པ་ཆུ་འདུས་སྒྲོལ་སྨྱོན་གྱི་ཟུར་བུ་ནམ་མཁའ་གྲགས་ཀྱི་བརྒྱུད་པ་བསོད་ནམས་ཞེས་བྱ་བ་ཡབ། ཡུམ་དཔལ་ལྡན་བུ་འདྲེན་གྱི་སྲས་སུ་ཆུ་ཕག་ལ་སྐུ་འཁྲུངས། མཚན་བསམ་འགྲུབ་དར་པོ་ཞུ། ཆུང་ངུ་ནས་ཆོས་ཀྱི་བག་ཆགས་བརྟན། འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན་པར་ཐུགས་རབ་ཆེ། དགུང་ལོ་བཅུ་བཞི་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས། རྗེ་དཀོན་མཆོག་དཔལ་ལྡན་གྱིས་མཁན་པོ། གདོང་ཁ་སློབ་དཔོན་ཀུན་དགའ་མཆོག་ལྡན་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་མཚན་དཔལ་ལྡན་དོན་གྲུབ་ཅེས་གསོལ། ཨེ་ཝཾ་གྱི་འདོན་ཆོས་སྤྱོད་བསྒྲིག་ཀུན་མྱུར་དུ་ཆུབ་པར་མཛད། དགུང་ལོ་ཉེར་དགུ་པ་ལ་ལྕགས་ཡོས་ཟླ་བ་དགུ་པའི་གྲལ་ཚེས་ཉིན། བྲང་ཏི་ནམ་མཁའ་དཔལ་བཟང་གིས་མཁན་པོ། །མུས་ཆེན་ནམ་མཁའ་དཔའ་བཟང་གིས་སློབ་དཔོན། བཅོ་བརྒྱད་ཆོས་རྗེ་ངག་དབང་མཆོག་ལེགས་རྡོ་རྗེས་གསང་སྟོན། གྲིབ་ཚོད་པ་དབུ་མཛད་མགོན་པོ་བཀྲ་ཤིས་སོགས་ལས་ཐར་པ་