R218: དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།

  • Pagination (Witness A): ༤༣
[A:༤༣]དཔལ་མཆོག་རྒྱལ་མཚན་གྱིས་སྐུ་འདྲ་དུས་ཐང༌། དངུལ་གདུང༌། དུས་ཇ་སོགས་དགོངས་པ་ཡོངས་སུ་རྫོགས་པར་མཛད། བསྟན་འཛིན་གྱི་སློབ་མ་ས་སྐྱ་བདག་ཆེན་མཐུ་སྟོབས་དབང་ཕྱུག །ངོར་ཐུབ་བསྟན། སྐྱེད་ཚལ་སོགས་དགོན་པ་སོ་སོའི་བླ་མ་མང་པོ་དང༌། ཁམས་མངའ་རིས་སོགས་ནས་མང་དུ་བྱུང༌། གསུང་རྩོམ་པུསྟི་གཅིག་ཡོད་པ་ཤིན་ཏུ་ལེགས་པར་མངོན་ནོ། །རྒྱས་པར་མཁས་པ་ངག་དབང་བརྟན་པའི་རྡོ་རྗེས་འཛད་པའི་རྣམ་ཐར་དུ་བལྟའོ།། །།བྲང་ཏི་ནམ་མཁའ་སངས་རྒྱས་ནི། པཎ་ཆེན་ནམ་མཁའ་དཔལ་བཟང་གི་སྐུ་དབོན་ཡིན། འཁྲུངས་ཡུལ་ཤབ་སྟོད་རྫི་ལུང་ཡིན། སྐུ་ཆུང་ངུ་ནས་ཐར་རྩེར་བྱོན། ཁུ་བོ་རིགས་བརྒྱའི་མགོན་པོ་ནམ་མཁའ་དཔལ་བཟང་དེ་ཉིད་ལས། རྩེ་གདོང་ཁྲི་ཆེན་སྐུ་མཆེད་རྣམས་དང༌། འཇམ་དབྱངས་བསོད་ནམས་དབང་པོ། ཤར་ཆེན་ཀུན་དགའ་བཀྲ་ཤིས། རྗེ་དཔལ་ལྡན་དོན་གྲུབ། རྗེ་སྙིང་རྗེ་བཟང་པོ་སོགས་ལས་བཀའ་ཆོས་དཔག་མེད་གསན། སྡོམ་པ་གསུམ་གྱིས་རྒྱུད་ཕྱུག །ཁམས་ཕྱོགས་ལ་ཡང་འགྲོ་དོན་ལ་བྱོན། པཎ་ཆེན་གཤེགས་ནས་ཐར་རྩེའི་འཛིན་བདག་བྱོན། ཆུ་ཕོ་བྱི་ལོར་ངོར་གྱི་ཁྲི་ཐོག་ཏུ་ཕེབས། ཤིང་གླང་ལ་ཤར་ཆེན་ཤེས་རབ་འབྱུང་གནས་ལ་ཁྲི་ཕུལ། དེ་ནས་ཐར་རྩེར་བཤད་སྒྲུབ་སྤེལ་མ་གནང༌། སྐབས་ཤིག་ཤངས་པའི་སྒྲུབ་གནས་ལྕགས་ཕོ་རྩེར་སྒྲུབ་པ་མཛད། ཕྱིས་ཐར་རྩེ་ཉིད་དུ་ཚེས་བཅུ་གཅིག་ལ་སྐུ་གཤེགས། སློབ་མ་ངོར་ཐུབ་བསྟན་ཞ་ལུ་རྣམས་ཀྱི་མཁན་པོ། གནས་སར་བ་དབོན་རིན་པོ་ཆེ་སོགས་མང་དུ་བྱོན། རྗེ་དེའི་རྣམ་ཐར་གྱི་ཡི་གེ་ཞིབ་རྒྱས་མ་མཐོང༌། ཅུང་ཟད་རྙེད་པ་ཚོ་བདག་གིས་ཐར་རྩེའི་བླ་མ་གསུམ་གྱི་རྟོགས་བརྗོད་ལོགས་སུ་བྲིས་ཡོད་པར་བལྟའོ།། །།ཤར་ཆེན་ཤེས་རབ་འབྱུང་གནས་ནི། རིགས་ཕུན་སུམ་ཚོགས་པ་བདག་ཆེན་ཤར་པའི་གདུང་བྱང་ཆུབ་སེམས་དཔའ་ཀུན་དགའ་དཔལ་