[A:༤༤]ལྡན་དང༌། ཡུམ་ནང་སོ་ཤར་ཕྱོགས་ནས་ཀྱི་སྲས་མོ་པདྨ་ཚེ་རིང་གཉིས་ཀྱི་སྲས་ལྕམ་སྲིང་བཞི་འཁྲུངས་པའི་ཆེ་བའོ། །འཁྲུངས་ས་བཞད་ཀྱི་ཁྱེལ་ཞེས་པར། མེ་ཕོ་སྤྲེའུའི་ལོར་བལྟམས། དགུང་ལོ་བརྒྱད་པར་ཁུ་བོ་བདག་ཆེན་པས་མཁན་པོ་དང༌། རྒྱ་ཚོ་བླ་ཆེན་དཀོན་མཆོག་རྒྱ་མཚོས་སློབ་དཔོན་སོགས་ལས་རབ་ཏུ་བྱུང༌། རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་དུ་དགུང་ལོ་ཉེར་གཅིག་པ་ལ་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ལས་བསྙེན་པར་རྫོགས་ཏེ། གོང་དུ་སྨོས་པའི་བླ་མ་དེ་རྣམས་དང༌། གཞན་ཡང་མཁས་གྲུབ་དཔལ་ལྡན་དོན་གྲུབ། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། དཔལ་ལྡན་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་སོགས་ལས་དམ་པའི་ཆོས་མང་པོ་གསན། མཁས་བཙུན་བཟང་གསུམ་གྱི་གོ་འཕང་བརྙེས། བདག་ཉིད་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་དུ་གྲགས། གླང་ལོ་ཧོར་ཟླ་གསུམ་པའི་རྒྱལ་བ་གསུམ་པའི་ཚེས་ལ་ངོར་གྱི་ཆོས་ཁྲིར་འཁོད། གདན་ས་ལོ་ཉེར་བརྒྱད་མཛད། དེ་སྐབས་ཞ་ལུ་མཁན་པོའང་ཐོག་ཅིག་གནང༌། ལུགས་གཉིས་ཀྱི་སྒོ་ནས་ཞལ་ངོར་གཉིས་ལ་ཕན་ཐོགས་ཤིན་ཏུ་ཆེ་བ་བྱུང༌། ཆུ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་ཉེར་གཅིག་ལ་སྐུ་གཤེགས། སྐུ་དབོན་བདག་ཆེན་ཡེ་ཤེས་བཟང་པོ་སྐུ་མཆེད་དང༌། གཉེར་ཆེན་ཀུན་དགའ་དཔལ་བཟང་སོགས་ཀྱིས་དགོངས་རྫོགས་ཀྱང་རྒྱ་ཆེན་པོ་བསྒྲུབ་པ། ཤར་པ་གོང་མ་རྣམས་ཀྱི་རྣམ་ཐར་ནི་རྡོ་རྗེ་འཆང་སོགས་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་རྣམ་ཐར་དུ་ཤེས་ལ། རྗེ་འདིའི་རྣམ་ཐར་རྒྱལ་རྩེ་ཞབས་དྲུང་ངག་དབང་བསོད་ནམས་ཀྱིས་མཛད་པར་བལྟའོ།། །།མཁན་ཆེན་ནམ་མཁའ་རིན་ཆེན་ནི། བྲང་ཏི་ནམ་མཁའ་སངས་རྒྱས་ཀྱི་སྐུ་དབོན་ཏེ་ཤབ་སྟོད་རྗེ་ལུང་དུ་བྱོན། ཆུང་ངུ་ནས་ཐར་རྩེར་ཁུ་བོའི་དྲུང་དུ་བསྟེན། རིགས་བརྒྱའི་མགོན་པོ་དེ་ཉིད་དང༌། ཤར་ཆེན་ཤེས་རབ་འབྱུང་གནས་སོགས་ལས་བཀའ་ཆོས་མང་པོ་གསན། སྐུ་