[A:༥]རྒྱ་མཚོའི་དབུས་སུ་བསྙེན་པར་རྫོགས། དེ་ནས་འཁོར་ལོ་བདེ་མཆོག་ལོ་ནག་དྲིལ་གསུམ་ལ་སྒྲུབ་པ་སྙིང་པོར་དྲིལ་བར་བཞེད་ནས། སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོ་ཤཱཀ་བཟང་སྐུ་འབུམ་ན་བཞུགས་པར་བསྙེན་ཏེ་དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། དེ་ནས་བཟུང་སྟེ་ས་སྐྱ་དང༌། ངོར་དགོན་པ་བཏབ་པ་ནས་རྗེ་མ་འདས་བར་དུ་མུས་དང་ཡར་འབྱོན་མར་འབྱོན་ལན་བརྒྱད་སོགས་མཛད། ཆོས་ཐམས་ཅད་བུམ་པ་གང་འབྱོར་གསན། ངོར་པའི་བུ་སློབ་ཐམས་ཅད་ཀྱིས་བླ་མར་ཁུར་ཏེ། བླ་མ་ཡབ་སྲས་ཞེས་འབོད། རྗེ་སྐུ་གཤེགས་པའི་ཚེ་རྒྱལ་ཚབ་ཏུ་དབང་བསྐུར། བྱི་གླང་སྟག་གསུམ་ངོར་དུ་བཞུགས་ནས་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས། དེ་ནས་མུས་སུ་གྲུབ་པ་གཙོ་བོར་མཛད་པའི་ངང་ནས་ངམ་རིངས་དང༌། སླར་ཡང་ངོར་དུ་ཕེབས། འཇམ་དབྱངས་ཤེར་རྒྱམ་པ་རྒྱལ་ཚབ་ཏུ་བསྐོས། ལམ་འབྲས་སོགས་གནང་མཐར་མུས་ཀྱི་བསམ་གཏན་ཕུག་ཏུ་དགུང་ལོ་བརྒྱད་ཅུ་གྱ་གསུམ་པ་ལ་གླང་ལོ་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་བདེ་བར་གཤེགས། ཁ་རག་སྒོམ་ཆུང་བ་དང༌། གཉན་ཕུལ་བྱུང་བ་སོགས་ཀྱི་སྐྱེ་བར་གྲགས། མངོན་ཤེས་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་མངའ། མདོར་ན་འཆད་རྩོད་རྩོམ་གསུམ་མཁས་བཙུན་བཟང་གསུམ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པས། རྗེ་ངོར་པའི་སློབ་རིགས་ཐམས་ཅད་དང༌། ས་སྐྱ་འཁོན་གྱི་གདུང་བརྒྱུད་རྣམས་དང༌། རིན་སྤུངས་པ་དང༌། བྱང་པ་སོགས་སྡེ་བདག་ཆེན་པོ་རྣམས་ལ་སོགས་པ་གངས་ཅན་གྱི་ཆེ་དགུ་ཐམས་ཅད་ཀྱི་འདྲེན་པ་དམ་པར་གྱུར་པའོ། །རྗེ་འདིའི་རྣམ་ཐར་མཁས་པ་གུང་རུས་མཛད་པ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི་རྩ་འགྲེལ་ཁ་བསྐང་དང་བཅས་པ། བྱམས་ཆེན་རབ་འབྱམས་པས་མཛད་པའི་གསོལ་འདེབས་སྲད་པ་ཀུན་བློས་མཛད་པ། རྭ་དབོན་ཡོན་ཏན་དཔལ་